༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་མཆོག་གིས་ཞལ་པར་བརྒྱུད་མགོན་པོ་གང་ཉིད་ལ་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་གནང་ཡོད་སྐོར་སྲིད་བློན་མཆོག་གི་ཊུཝི་ཊར་ (Twitter) སྟེང་བཀོད་འདུག
དེ་བཞིན་ཉེ་ཉར་ཨ་རིའི་གཞུང་གིས་གསར་དུ་བསྐོ་བཞག་གནང་བའི་ཨ་རིའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཨ་ཊུལ་ཀ་ཤབ་ (Atul Keshap) ལགས་ཀྱིས་ཊུ་ཝི་ཏར་བརྒྱུད་༧གོང་ས་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་ཀྱིས་ཞི་བདེ་དང་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་བ་དེས་རྒྱལ་སྤྱིའི་སྟེང་དུ་སེམས་ཤུགས་སྐྱེད་དུ་བཅུག་ཡོད། ཅེས་གསུངས།རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་ ( Arvind Kejriwal) མཆོག་གིས་ཊུ་ཝི་ཊར་བརྒྱུད་རྒྱ་གར་མི་མང་གི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས།རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ནི་ཏཱིན་གྷཌ་ག་རི་ (Shri Nitin Gadkari) མཆོག་གིས་ཊུ་ཝི་ཊར་བརྒྱུད་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཧར་ཤི་ཝར་དྷན་ (Dr Harsh Vardhan) མཆོག་དང་ཧར་ཌེབ་སེངྒ་(Hardeep Singh) མཆོག་གིས་ཊུ་ཝི་ཊར་བརྒྱུད་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཊུ་ཝི་ཏར་བརྒྱུད་༧གོང་ས་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་དང་འབྲེལ་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་གནང་ཡོད།གཞན་ཡང་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའེ་ཨིན་ཝིན་ (Tsai Ing-wen) མཆོག་གིས་མགོན་པོ་གང་ཉིད་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་དང་སྦྲགས། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་འདིར་མགོན་པོ་གང་ཉིད་མཆོག་གིས་མཉམ་རུབ་ཐོག་གཅིག་ཕན་གཅིག་གྲོགས་གནང་དགོས་པའི་གལ་གནད་སྐོར་བཀའ་སློབ་སྩལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཨ་རིའི་བལ་ཡལ་གྱི་གཞུང་ཚབ་ཆེན་མོ་རན་ཌེ་བྷེ་རེ་ (Randy Berry) ལགས་ཀྱིས་ཊུ་ཝི་ཊར་བརྒྱུད་༧གོང་ས་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་དང་འབྲེལ། འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཡོང་སླད་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་ང་ཚོར་སེམས་ཤུགས་སྤར་རོགས་གནང་། ཞེས་གསུངས།
ཕྱོགས་མཚུངས་རྒྱ་གར་དབུས་གཞུང་གི་བློན་ཆེན་དྷར་མན་དྲ་པྲ་དཱན་ (Shri Dharmendra Pradhan) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རཱམ་ཋཱ་ཀུར་ ( Jairam Thakur ) མཆོག རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་ (Prem Singh Tamang ) མཆོག རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ར་མོ་ཌི་ས་ཝན་ཌི་ (Dr. Pamod Sawant) མཆོག མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀོན་རཌ་སང་མ་ (Shri Conrad Sangma) མཆོག མདྷ་ཡ་པར་ཌེ་ཤིའི་མངའ་སྡེའི་ (Madhya Pradesh) སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་ ( Shri Shivraj Singh Chouhan) མཆོག པཎ་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀེབ་ཊིན་ཨ་མ་རིན་དྷར་སིང་ ( Capt. Amarinder Singh) མཆོག མེ་གྷ་ལ་ཡ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཇམ་སི་སངྒ་མ་ (Shri James Sangma ) མཆོག ཨ་སམ་མངའ་སྡེའི་བློན་ཆེན་བྷི་མལ་བྷོ་ར་ (Bimal Borah) མཆོག ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་སོགས་ནས་ཊུ་ཝི་ཊར་བརྒྱུད་༧གོང་ས་མཆོག་དགུང་གྲངས་རྒྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད། །