༄༅། །རྒྱ་ནག་གཞུང་གིས་བོད་གཅིག་པུའི་གནད་དོན་དང་འབྲེལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་གཞུང་འབྲེལ་ཡིག་ཆ་“རྒྱབ་ཤ་དཀར་པོ་”ཟེར་བ་ཕྱི་ལོ་ ༡༩༩༢ ནས་ ༢༠༢༡ བར་ཁྱོན་གྲངས་ ༡༥ ཙམ་འདོན་སྤེལ་ཁོངས། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཡིག་ཆ་ཁག་ཨིན་སྒྱུར་གྱིས་དུས་མཉམ་འགྲེམས་སྤེལ་བྱས་འདུག
རྒྱབ་ཤ་དཀར་པོ་དེ་དག་བཏོན་པའི་བརྗོད་བྱ་སྙིང་པོའམ། ངོ་གདོང་། དགོས་དམིགས་གཙོ་བོ་ནི་“ནག་པོ་དཀར་པོར་སྒྱུར་ཐབས།”དང་། “དྲག་པོ་ཞི་བར་རྫུས་ཐབས།” དེ་བཞིན་“མིན་པ་ཡིན་པར་མངོན་ཐབས།” དེ་བས་“མེད་པ་ཡོད་པར་སྒྲུབ་ཐབས།”ཁོ་ན་ལས་དངོས་དོན་བརྗོད་པའི་རྩོམ་ཡིག་གི་ཁྱད་ཆོས་ཧ་ལམ་ཚང་མེད་པ་རེད།
འདིར་དཔྱད་པར་འདོད་པ་ནི་རྒྱབ་ཤ་དཀར་པོ་དེ་དག་གི་མིང་བྱང་གཞིར་བཟུང་ནས་གླེང་བ་ལས། ནང་དོན་ལ་དཔྱད་ན་ཡིག་རྫོབ་ཆེ་བས་གང་ཟག་རེ་ཟུང་གིས་དེ་མུར་སྒྲུབ་དཀའ་བ་ཞིག་མཐོང་། དེ་ཡང་བསྟན་བཅོས་གང་ཞིག་མིང་བྱང་ལས་རྩོམ་ལུས་ཀྱི་བརྗོད་བྱའི་ནང་དོན་རོབ་ཙམ་རྟོགས་ཐུབ་པ་སྟེ་ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། དེ་བས་རྨོངས་པ་བསལ་བའི་ཕྱིར།། མགོན་པོས་མིང་དུ་གདགས་པར་མཛད།། ཅེས་གསུངས་པ་བཞིན་ནོ།
རྒྱབ་ཤ་དཀར་པོའི་ཡིག་ཆ་ཞེས་པ་ནི། གཞུང་ངམ་གྲོས་ཚོགས་ནས་རྒྱབ་ཤ་མཚོན་མདོག་དཀར་པོས་བརྒྱན་ཏེ་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པའི་གལ་ཆེའི་ཡིག་ཆའམ་སྙན་ཐོར་ཟེར་ཞིང་། དེ་ནི་གཞུང་འབྲེལ་གྱི་ཡིག་ཆ་དང་གཞུང་གི་ལངས་ཕྱོགས་གསལ་སྟོན་བྱས་པར་གོ་དགོས།
ཕྱི་ལོ་ ༡༩༤༩ ལོ་ཙམ་ནས་རྒྱ་དམར་གྱི་དྲག་པོའི་དཔུང་གིས་བོད་ཤར་ཕྱོགས་ཁུལ་ནས་བཙན་འཛུལ་འགོ་འཛུགས་དང་། ཕྱི་ལོ་ ༡༩༥༡ ལོར་“ཞི་བའི་བཅིངས་འགྲོལ་”གྱི་མིང་ཐོག་བོད་ས་ཡོངས་ལ་དབང་བསྒྱུར། དྲག་པོའི་དམག་དཔུང་གིས་བོད་ནང་བཙན་འཛུལ་བྱས་པ་མའོ་ཙེ་ཏུང་གིས་ཐད་ཀར་བཀོད་ཁྱབ་བཏང་བའི་ཏར་འཕྲིན་དང་། སྐབས་དེའི་འབྲེལ་ཡོད་དམག་དཔོན་ཚོའི་དྲན་ཐོ་སོགས་ཀྱི་ཡིག་ཆའི་ནང་ས་རིས་ཐང་གསལ་ཡིན་ཡང་། “བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ ༦༠”ཟེར་བ་དང་། ལོ་ ༧༠ འཁོར་སྐབས་“བོད་ཞི་བས་བཅིངས་འགྲོལ་དང་གྲ་རྒྱས་གོང་འཕེལ།”ཟེར་བའི་རྒྱབ་ཤ་དཀར་པོ་ཁག་གཉིས་བཏོན་པ་དེས་དྲག་པོ་ཞི་བར་རྫུས་ཐབས་ཁོ་ན་ལས་མ་འདས།
བོད་ལ་“ཞི་བའི་བཅིངས་འགྲོལ་”བཏང་རྗེས། མང་གཙོ་བཅོས་བསྒྱུར་ཟེར་བའི་མིང་ཐོག་ནས་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་རྟེན་དང་བརྟེན་པ་བཅས་རྩ་གཏོར་དང་། དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ཡོངས་སུ་བསྣུབས་པས། བོད་མིར་ཐུན་མོང་མ་ཡིན་པའི་རང་གཤིས་སུ་ཡོད་པ་ནི་ནང་ཆོས་ལ་དད་པ་དེ་ཡིན་སྟབས། ཡོངས་གྲགས་སུ་བོད་ཆོས་ལྡན་ཞིང་ཁམས་ཞེས་འབོད་པ་དེ་ཡང་། ཆོས་དད་རང་དབང་བཀག་འགོག་བྱས་པར་བརྟེན། བོད་མི་ཚོས་ཀླ་ཀློའི་ཡུལ་ལུང་དུ་བསྒྱུར་བར་འདོད། དེ་བཞིན་བོད་མི་འབུམ་བཅུ་གཉིས་ཙམ་དུས་མིན་རྐྱེན་འདས་སོང་བ་སོགས་ཀྱི་ནག་ཉེས་དཀར་འདོན་ཆེད། “བོད་ལྗོངས་སུ་མང་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ལྔ་བཅུ་འཁོར་བ།”ཟེར་བ་དང་། “རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་མང་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༦༠ འཁོར་བ།”ཟེར་བའི་རྒྱབ་ཤ་དཀར་པོ་བཏོན།
ཕྱི་ལོ་ ༡༩༨༧། ༡༩༨༨། ༡༩༨༩ ནང་གཞིས་བཞུགས་མི་རབས་གཉིས་པས་བོད་རང་བཙན་བསྐྱར་གསོའི་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་། ༡༩༨༩ ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་འབུལ་བཞེས། ༡༩༩༡ ལོར་རྒྱལ་སྤྱིའི་བོད་ཀྱི་ལོ་གཏན་འབེབས་སོགས་བོད་ཀྱི་གནད་དོན་རྒྱལ་སྤྱི་ཅན་དུ་གྱུར་བས། ཕྱི་ལོ་ ༡༩༩༢ ལོར་རྒྱ་གཞུང་གིས་“བོད་ལྗོངས་ཀྱི་བདག་དབང་ཁོངས་གཏོགས་དང་མིའི་ཐོབ་ཐང་གནས་བབ་ཀྱི་རྒྱབ་ཤ་དཀར་པོ་”ཟེར་བ་བཏོན་པའི་ནང་བོད་ཀྱི་བདག་དབང་ནི། “དུས་རབས་ ༡༣ པའི་དུས་དཀྱིལ་ནས་བཟུང་བོད་འདི་དངོས་སུ་རྒྱ་ནག་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་འོག་ཚུད་པ་རེད།” ཅེས་གསལ་ཡང་། ཕྱི་ལོ་ ༢༠༡༥ ལོར་བཏོན་པའི་“བོད་འཕེལ་རྒྱས་ཀྱི་ལམ་བུའི་ལོ་རྒྱུས་གདམ་ག”ཞེས་པ་སོགས་རྒྱབ་ཤ་དཀར་པོ་ཕལ་མོ་ཆེའི་ནང་“བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན།”པར་གྲགས་པ་སྔ་ཚིག་ཕྱི་འགལ་གྱི་ལོ་རྒྱུས་ཨུ་ཚུགས་ཀྱིས་བོད་རྒྱ་ཁོངས་མིན་པ་ཡིན་པར་མངོན་ཐབས་བྱས་ཡོད།
མི་རབས་གཉིས་པའི་འཐབ་རྩོད་རྒྱུན་ཆད་མྱོང་མེད་ལ། མི་རབས་གསུམ་པས་ལོ་རྒྱུས་ཀྱིས་དཀྲིས་པའི་ལས་འགན་ཕྲག་པར་ཁུར་ནས་འཐབ་རྩོད་མཇུག་སྐྱོང་བྱེད་བཞིན་ཡོད། ལྷག་དོན་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཆོལ་གསུམ་གཞིས་བཞུགས་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་རང་རིགས་སྤུན་ཟླ་བརྒྱ་དང་ལྔ་བཅུ་བརྒལ་བས་སྐུ་ལུས་མེ་མཆོད་ཕུལ་བས། བོད་མིའི་སྒྲིག་འཛུགས་ཀྱིས་གཙོས། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་ལོ་འཁོར་སྙན་ཐོ་རིམ་པའི་ནང་། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་(མིའི་ཐོབ་ཐང་།) བརྡལ་བཤིག་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད། ཁོར་ཡུག་ལ་གནོད་སྐྱོན་སོགས་བཏང་དང་གཏོང་བཞིན་ཡོད་པའི་ས་གནས་ས་ཐོག་གི་གནས་ཚུལ་ཁུངས་ལུང་ཡོད་ལ་ཡུལ་དུས་ཁ་གསལ་གྱི་སྙན་ཐོ་རིམ་པ་ཐོན་པའི་སྐབས། དངོས་ཡོད་ཀྱི་གནས་ཚུལ་དེ་དག་བསུབ་ཆེད་རྒྱ་གཞུང་གིས་“བོད་རང་སྐྱོང་ལྗོངས་ཀྱི་མིའི་ཐོབ་ཐང་བྱ་བའི་འཕེལ་ཚད་གསར་པ།”ཟེར་བ་དང་། “བོད་ལྗོངས་ཀྱི་རིག་གནས་གོང་འཕེལ།”ཟེར་བ། “བོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ།”ཟེར་བ་སོགས་ཀྱི་རྒྱབ་ཤ་དཀར་པོ་བཏོན་ནས་མེད་པ་ཡོད་པར་སྒྲུབ་ཐབས་བྱས་ཡོད།
གཞན་ཡང་། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བཏོན་པའི་རྒྱལ་ཡོངས་ཞིང་ཆེན་དང་རང་སྐྱོངས་ལྗོངས་ཀྱི་དཔལ་འབྱོར་གནས་སྟངས་ཀྱི་གྲངས་ཐོའི་ནང་། རྗེས་ལུས་དང་དབུལ་ཕོངས་ཀྱི་བང་རིམ་ཁོངས་བོད་ནི་གྲལ་རིམ་གོང་མའི་གྲས་སུ་ཚུད་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་“བོད་ལྗོངས་ཀྱི་དེང་རབས་ཅན་འཕེལ་རྒྱས།”ཟེར་བའི་རྒྱབ་ཤ་དཀར་པོ་བཏོན་ཡོད།
བོད་རྒྱའི་དཀའ་ངལ་སེལ་ཆེད་བཙན་བྱོལ་གཞུང་མང་ནས་འབད་བརྩོན་ཡོད་རྒུ་གནང་དང་གནང་མུས་ཡིན་པ་མ་ཟད། དེ་ཡང་ཕྱོགས་གཉིས་གྲོས་མོལ་ལ་བརྟེན་ནས་གཉིས་ཕན་གྱི་ལམ་ཞིག་འཚོལ་དགོས་ཀྱི་ཡོད། ཕན་ཚུན་འབྲེལ་མོལ་གཙོ་བོ་རྒྱ་གཞུང་ལ་བསྟུན་དགོས་པ་བཞིན། ༡༩༧༩ ལོ་ནས་ ༡༩༨༥ བར་བོད་ཀྱི་སྐུ་ཚབ་ལྟ་སྐོར་ཚོགས་པ་ཐེངས་བཞི་དང་། ༡༩༨༢ ལོ་ནས་ ༡༩༨༤ ལོའི་ནང་གྲོས་མོལ་རྟོག་ཞིབ་ཚོགས་ཆུང་ཐེངས་གཉིས་ཕེབས་ཐུབ་པ་བྱུང་ཡོད། དེ་རྗེས་ ༢༠༠༢ ལོ་ནས་ ༢༠༡༠ ལོའི་ནང་ཕྱོགས་གཉིས་དབར་འབྲེལ་མོལ་ཐེངས་དགུ་དང་། ནང་ལུགས་གྲོས་བསྡུར་ཐེངས་གཅིག་བྱུང་ཡོད། ལྷག་དོན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་ “བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།” ཡིག་ཆ་དང་། འབྲེལ་མོལ་ཐེངས་དགུ་པའི་སྐབས་གོང་གསལ་བསམ་འཆར་གྱི་འགྲེལ་བརྗོད་བཅས་ཕུལ་ཡོད། བསམ་འཆར་ཡིག་ཆའི་ནང་བོད་མིའི་མངོན་འདོད་ཁག་རྒྱ་གཞུང་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་རྒྱ་ལས་གྲོལ་མེད་ཀྱང་ད་བར་དོན་དམ་པའི་ཡ་ལན་ཞིག་སྤྲད་མེད་པར། ཕྱི་ལོ་ ༢༠༡༥ ལོར་“མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན།” ཞེས་པའི་རྒྱབ་ཤ་དཀར་པོ་ཞིག་བཏོན་ཡོད།
མདོ་དོན། བོད་ཀྱི་དངོས་ཡོད་དཀའ་ངལ་སེལ་འདོད་ཡོད་ན། རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དང་། སྲིད་འཛིན་ཞི་ཅིང་ཕིང་སོགས་ཉིན་གྲངས་ཁ་ཤས་རིང་བོད་ནང་འཚམས་གཟིགས་བྱས་པ་ཙམ་མིན་པ་དང་། ལྷག་པར་ས་གནས་དཔོན་རིགས་ཀྱི་ལས་དོན་“གྲུབ་འབྲས་”ལ་མ་ཉན་པར། ཕྱི་ལོ་ ༡༩༨༠ ལོའི་ནང་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་དང་། དེ་རྗེས་དངོས་སུ་བོད་ནང་ཕེབས་ཏེ་ཉིན་གྲངས་བཅུ་ཕྲག་རིང་གཞི་རིམ་བོད་མི་ཐུག་འཕྲད་དང་། ས་གནས་ས་ཐོག་གི་གནས་ཚུལ་དངོས་སུ་རྒྱུས་ལོན་གྱིས་ནོར་འཁྲུལ་ངོས་འཛིན་དང་སྦྲགས་བསྒྱུར་བཅོས་ཀྱི་སྲིད་བྱུས་ཁག་རྗེས་འཛིན་མཐོ་རིམ་དཔོན་རིགས་ཚོས་རྒྱུན་འཁྱོངས་ལག་བསྟར་ཐུབ་ཡོད་ཚེ། བོད་རྒྱའི་དཀའ་རྙོག་སྔ་ས་ནས་སེལ་ཡོད་པར་ཡིད་ཆེས་ཡོད། བློ་ཕམ་པ་ཞིག་ལ་ཧུའུ་ཡའོ་པང་གི་སྲིད་བྱུས་རྒྱུན་འཛིན་བྱེད་མཁན་གྱི་དཔོན་རིགས་ཤིག་ད་བར་ཐོན་མེད། དེ་བས་རྒྱ་ནག་གཞུང་གིས་དོན་དམ་པའི་བོད་ནང་གི་གནས་སྟངས་མུན་པ་ནག་པོ་དེ་དག་དེབ་ཀྱི་ཤོག་བུ་དཀར་པོའི་ཐོག་བཀོད་པ་དེ་ཡིན།
བོད་གཅིག་པུའི་གནད་དོན་ཐོག་བཏོན་པའི་རྒྱབ་ཤ་དཀར་པོ།
ཨང་། |
རྒྱབ་ཤ་དཀར་པོའི་མིང་། |
ལོ་དུས། |
༡ | བོད་ལྗོངས་ཀྱི་བདག་དབང་ཁོངས་གཏོགས་དང་མིའི་ཐོབ་ཐང་གནས་བབ། | ༡༩༩༢།༩།༢༡ |
༢ | བོད་རང་སྐྱོང་ལྗོངས་ཀྱི་མིའི་ཐོབ་ཐང་བྱ་བའི་འཕེལ་ཚད་གསར་པ། | ༡༩༩༨།༢།༡ |
༣ | བོད་ལྗོངས་ཀྱི་རིག་གནས་གོང་འཕེལ། | ༢༠༠༠།༦།༢༡ |
༤ | བོད་ལྗོངས་ཀྱི་དེང་རབས་ཅན་འཕེལ་རྒྱས། | ༢༠༠༡།༡༡།༨ |
༥ | བོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ། | ༢༠༠༣།༣།༡༠ |
༦ | བོད་ལྗོངས་ཀྱི་མི་རིགས་ས་གནས་རང་སྐྱོང་། | ༢༠༠༤།༥།༢༣ |
༧ | བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོབ་དང་གོང་འཕེལ། | ༢༠༠༨།༩།༢༥ |
༨ | བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ལྔ་བཅུ་འཁོར་བ། | ༢༠༠༩།༣།༢ |
༩ | བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ ༦༠ | ༢༠༡༡།༧།༡༡ |
༡༠ | བོད་ལྗོངས་ཀྱི་འཕེལ་རྒྱས་དང་མདུན་སྐྱོད། | ༢༠༡༣།༡༠།༢༢ |
༡༡ | བོད་འཕེལ་རྒྱས་ཀྱི་ལམ་བུའི་ལོ་རྒྱུས་གདམ་ག | ༢༠༡༥།༤།༡༥ |
༡༢ | མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན། | ༢༠༡༥།༩།༦ |
༡༣ | མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ། | ༢༠༡༨།༧།༡༨ |
༡༤ | རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༦༠ འཁོར་བ། | ༢༠༡༩།༣།༢༧ |
༡༥ | བོད་ཞི་བས་བཅིངས་འགྲོལ་དང་གྲ་རྒྱས་གོང་འཕེལ། | ༢༠༢༡།༥།༢༡ |