༄༅། །རྒྱ་གར་གྱི་ཨུ་ཊར་པར་ཌེ་ཤི་མངའ་སྡེའི་གྲོང་ཁྱེར་མེ་རཌ་ (Meerut) ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པས་ (Bharat Tibbat Sahyog Manch) དྲ་ལམ་བརྒྱུད་བོད་དོན་སྐོར་ཚོགས་འདུ་ཚོགས་ཡོད། ཚོགས་འདུའི་ཐོག་རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་གཞོན་པ་སྭ་མི་ཌི་ཝི་ཡ་ནནྟ་ (Swami Divyanand Ji Maharaj) ལགས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། གྲོང་ཁྱེར་མེ་རཌ་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སྐུ་ཞབས་སན་དཱིབ་ཅོ་དེ་རི་ (Dr Sandeep Chaudhary) ལགས་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་དྲ་ཐོག་གི་ཚོགས་འདུའི་སྟེང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འཕགས་བོད་གཉིས་ཀྱི་གནའ་དེང་གི་འབྲེལ་བ་དང་དེའི་གལ་གནད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་མིར་རང་དབང་ཐོབ་ཐབས་སུ་ཕྱག་ལས་གནང་བཞིན་པའི་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་འགན་དང་ངོ་བོ། དེ་བཞིན་གནས་ཆེན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་འཕགས་བོད་གཉིས་ལ་གལ་གནད་ཆེ་ཚུལ་སོགས་ཀྱི་སྐོར་གསུངས།རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་གཞོན་པ་སྭ་མི་ཌི་ཝི་ཡ་ནན་ཌི་ (Swami Divyanand Ji Maharaj) ལགས་ཀྱིས་ལྷ་དབང་ཕྱུག་གི་གནས་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོའི་ཁུལ་ནས་བོད་ཀྱི་ཆུ་བོ་ཆེན་པོ་བཞི་སྟེ་སེང་གེ་ཁ་འབབ་དང་། གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ་བཅས་བོད་ཀྱི་ཆུ་བོ་ཆེན་པོ་བཞི་གཞུར་བཞིན་པ་སོགས་ཀྱི་སྐོར་གསུངས།གྲོང་ཁྱེར་མེ་རཌ་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སྐུ་ཞབས་སན་དཱིབ་ཅོ་དེ་རི་ལགས་ཀྱིས་འཕགས་བོད་གཉིས་ལ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་ཚོགས་པ་རེད། ཅེས་དང་། ང་ཚོས་ངེས་པར་རྒྱ་ནག་གི་ཐོན་རྫས་ཉོ་ཚོང་མཚམས་འཇོག་བྱེད་དགོས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ངོས་ནས་བོད་ལ་རང་དབང་མ་ཐོབ་བར་དུ་མུ་མཐུད་ལས་དོན་མཇུག་སྐྱོང་བྱེད་རྒྱུ་ཡིན། ཞེས་གསུངས།
མཐར་གྲོང་ཁྱེར་མེ་རཌ་ (Meerut) ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་གཞོན་པ་ནི་རཇ་ཀ་རན་སིངྒ་ (Shri Neeraj Karan Singh) ལགས་ཀྱིས་ལྷ་དབང་ཕྱུགས་ཆེན་པོའི་གནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་རྒྱ་ནག་གི་དབང་སྒྱུར་འོག་ནས་རང་དབང་ཐོབ་ཐབས་སུ་འབད་བརྩོད་གང་ཐུབ་ཞུ་རྒྱུ་ཡིན། ཞེས་མཇུག་སྡོམ་གསུང་བཤད་གནང་ཡོད་པ་བཅས།།