༄༅། །ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་ཟུར་པ་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Sam Brownback) མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་ (Tom Lantos Human Rights Commission) གི་ཀེ་ཊིར་ན་སི་ཝེ་ཊི་ (Katrina Swett) ལགས་ཀྱི་སྣེ་ཁྲིད་འོག་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༣ ནས་ ༡༥ བར་ཨ་རིའི་རྒྱ་ས་ཝ་ཤིང་ཊོན་དུ་དྲ་ལམ་བརྒྱུད་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སེ་པེ་ལོ་སི་ (Nancy Pelosi) མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་གནང་ཡོད། གཞན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ (Mike Pompeo) མཆོག་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་པ་སྐུ་ཞབས་སམ་བྷི་རོན་བྷད་ཁི་ (Sam Brownback) མཆོག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་ (Chris Smith) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཕེ་རེང་ཝུ་ལོཕ་ (Frank Wolf) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇམ་སི་ལན་ཀི་ཧྥོར་ཌི་ (James Lankford) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀེ་ཊིར་ན་སི་ཝེ་ཊི་ (Katrina Lantos Swett) མཆོག ཨ་རིའི་རོགས་ཚོགས་(USAID) ཀྱི་སཱ་མན་ཐ་ (Samantha Powers) ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅས་མཉམ་ཞུགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་དང་། ཡུ་གུར། ཡེ་ཤུ། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་སོགས་ཀྱི་ཆོས་ལུགས་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་ཧ་ཅང་ཐུགས་འཚབ་ཆེན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཟུར་ཚོགས་སྐབས་སུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་སོ་ཕི་རི་ཆ་ཌི་སན་ (Sophie Richardson) ལགས་དང་ལྷན་དུ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་། སྐད་ཡིག་སོགས་རྒྱ་ནག་ཅན་དུ་སྒྱུར་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས།
སྐབས་དེར་བོད་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་སྐོར་ངོ་སྤྲོད་དེབ་ཆུང༌དང་། དེ་བཞིན་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་བར་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན། ཞེས་པའི་དཔེ་དེབ་འགྲེམས་སྤེལ་གནང་ཡོད་པ་བཅས།།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུར་མཉམ་ཞུགས་གནང་བ།
གསར་གནས།
འབྲེལ་གནས།