༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ ཉིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་ཨ་ཡི་པེ་ཀེ་གསར་ཁང་ (IPKMedia) གཉིས་ཀྱི་གོ་སྒྲིག་འོག་དྲ་ལམ་བརྒྱུད་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་གཏོར་བརླག་བཏང་བའི་སྐོར་བགྲོ་གླེང་ཚོགས་འདུ་ཚོགས་ཡོད།
ཚོགས་འདུའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་གྲས་ཁག་ལ་ཆབ་སྲིད་སློབ་ཁྲིད་གནང་མྱོང་མཁན་སློབ་དཔོན་ཆེན་མོ་ཚེད་ཤ་ (Cai Xia) ལགས་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་གནང་མྱོང་མཁན་ཝང་རུ་ཆིན་ (Wang Ruiqin) ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་བཅས་མཉམ་ཞུགས་གནང་ཡོད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
དེ་ཡང་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་དོན། བོད་མི་དང་རྒྱ་ནག་དམར་ཤོག་ཚོགས་པ་དབར་དང་ཐོག་གི་ཐུག་འཕྲད་དེ་དམར་དམག་རྒྱང་སྐྱོད་སྐབས་བྱུང་ཡོད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་བོད་དབང་སྒྱུར་བྱས་པ་དང་། དེ་ནས་བཟུང་ད་བར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་གཏོར་བརླག་བཏང་དང་གཏོང་མུས་རེད། རྒྱ་ནག་དམར་ཤོག་ཚོགས་པས་བཙན་དབང་གིས་བོད་ཀྱི་སྐུ་ཚབ་རྣམས་ལ་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མཚན་རྟགས་རྒྱག་ཏུ་བཅུག་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་བཅིངས་གྲོལ་དམག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་འཕྲོག་བྱེད་རྩིས་བྱས་སྟབས། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་ཆེན་པོ་དེ་བྱུང་ཡོད། ཅེས་གསུངས།
སློབ་དཔོན་ཆེན་པོ་ཚེ་ཤ་ལགས་ཀྱིས་གསུང་དོན། བོད་རྒྱའི་དཀའ་རྙོག་ནི་ཕྱོགས་གཉིས་ཀྱི་ཆོས་དང་རིག་གཞུང་མ་མཐུན་པར་བརྟེན་ནས་བྱུང་བ་མ་ཡིན་པར། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་གནད་དོན་ཐོག་སྲིད་བྱུས་ལག་བསྟར་བྱེད་སྟངས་འགྲིགས་མིན་ལ་བརྟེན་ནས་བྱུང་བ་རེད། ཅེས་དང་། རྒྱ་ནག་དམར་ཤོག་གཞུང་གི་ལས་བྱེད་ཅིག་གིས་ང་ལ་དྲིལ་བསྒྲགས་ཡིག་ཆ་ཞིག་བཏང་བྱུང་། དེའི་ནང་ཏཱ་ལའི་བླ་མ་ལུག་པགས་གྱོན་པའི་སྤྱང་ཀི་རེད་ཅེས་འཁོད་འདུག དེ་བཞིན་བོད་དོན་ལ་རྒྱུས་མངའ་ཡོད་པའི་རྒྱ་ནག་དམར་ཤོག་གཞུང་གི་ལས་བྱེད་གཞན་ཞིག་གིས་ཀྱང་ང་ལ་འདི་ལྟར་བརྗོད་བྱུང་། བོད་ཀྱི་དཀའ་རྙོག་དེ་དཔལ་འབྱོར་གྱིས་སེལ་ཐུབ་པའི་གནད་དོན་ཞིག་མ་རེད། བོད་ཀྱི་གནད་དོན་སེལ་བར་བོད་ཀྱི་རིག་གཞུང་ཧན་མི་རིགས་ཀྱི་རིག་གཞུང་དང་ལྷན་དུ་མཉམ་བསྲེས་བྱེད་དགོས་པ་རེད། ཅེས་མོ་རང་གིས་དངོས་སུ་མྱངས་པའི་ཉམས་མྱོང་སྐོར་གསུངས།
ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གཏོར་བརླག་བཏང་བའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐོར་གསུངས།
གཞན་ཡང་ཁོང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་སོགས་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་སྐོར་གསུངས། ཝང་རུ་ཆིན་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༡༩༥༧ ནས་ཕྱི་ལོ་ ༡༩༥༨ བར་བོད་ཤར་ཕྱོགས་ཁུལ་དུ་བོད་མི་སྡེབ་གསོད་བཏང་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ཏུ་ས་བྱི་ཞི་རྒོལ་ཆེན་པོ་བྱུང་ཡོད། སྐབས་དེ་དུས་མོ་རང་གིས་མཚོ་སྔོན་ཁུལ་དུ་མགྲོན་ཁང་ཞིག་ཉར་བཞིན་པའི་སྐབས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་པ་མགྲོན་ཁང་ལ་ཡོང་འཇུག་རྒྱུ་མེད་པའི་བཀའ་བཏང་བ་སོགས་ཀྱི་སྐོར་གསུངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བོད་རྒྱའི་གནད་དོན་གསལ་བར་རྒྱ་རིགས་མི་མང་གིས་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སློབ་སྦྱོང་གནང་དགོས་པའི་རེ་སྐུལ་གནང་བ་དང་འབྲེལ་བགྲོོ་གླེང་ཚོགས་འདུ་གྲོལ་ཡོད་པ་བཅས།།