༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དོན་གཅོད་ལས་ཁུངས་སུ་སྲུང་བརྩི་ཞུས་ཡོད།
དེ་ཡང་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཐེ་ཝན་གཞུང་ཚབ་པ་ལྕམ་སྐུ་ (Bi-Khim Hsiao) མཆོག་དང་། ཨ་རིའི་མང་གཙོ་བསྟི་གནས་ཁང་གི་ཚོགས་གཙོ་ (Derek Mitchell) ལགས། ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཁར་ལི་ (Carl Gershman) ལགས། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་ལི་ས་པེ་ཊར་སན་ (Lisa Peterson) ལགས། (Nancy Jackson) ལགས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་སོ་ཕི་རི་ཆ་ཌི་སན་ (Sophie Richardson) ལགས། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་གྲས་ཁག་ལ་ཆབ་སྲིད་སློབ་ཁྲིད་གནང་མྱོང་མཁན་སློབ་དཔོན་ཆེན་མོ་ཚེད་ཤ་ (Cai Xia) ལགས་བཅས་མཉམ་ཞུགས་ཀྱིས་༸རྒྱལ་བའི་སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་གསུང་བཤད་གནང་ཡོད།སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགའ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་ དང་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་སོགས་ཕེབས་ཡོད་པ་དང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་རིན་པོ་ཆེ་མཆོག་དང་བོད་མིའི་དབར་དམིགས་བསལ་གྱི་ལས་དང་བསོད་ནམས་ཀྱི་ཆ་ནས་ཇི་ལྟར་འབྲེལ་བ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་སྟེ་མཛད་སྒོའི་ཆེ་བསྟོད་སྐུ་མགྲོན་ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཁར་ལི་ལགས་སུ་ད་བར་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་སྐུ་ཐང་ཞིག་ཕུལ་ཡོད། ཁར་ལི་མཆོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་དུ་ལོ་ངོ་ ༣༧ རིང་ཕྱག་ལས་གནང་ཡོད་པ་དང་ཕྱི་ལོ་ ༢༠༢༡ ཟླ་ ༧ ནང་བགྲེས་ཡོལ་ཕེབས་ཀྱི་ཡོད།དེ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ནེ་ཌི་པི་ར་ཡི་སི་ (Ned Price) ལགས་བཅས་ཀྱིས་བརྙན་འཕྲིན་དང་ཊུ་ཝི་ཊར་བརྒྱུད་༸གོང་ས་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །