༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༦༩ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དེ་ཡང་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས་ཀྱི་གསུང་དོན། དེ་རིང་དོན་ཚན་བཞིའི་ཐོག་ཞུ་རྒྱུ་ཡིན། དོན་ཚན་དང་པོར་ནད་རླབས་གཉིས་པ་རྫོགས་པའི་དུས་ཚོད་སླེབ་ཀྱི་ཡོད། ནད་རླབས་གཉིས་པ་རྫོགས་པའི་དུས་སྐབས་འདིར་ཉེ་ཆར་ཕྱི་ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནད་པའི་གྲངས་ཚད་དམའ་ཤོས་ཡིན། ནད་པ་གྲངས་ ༢༧༩ ལས་མེད། རིམ་བཞིན་བདུན་ཕྲག་གཅིག་གཉིས་ཀྱི་ནང་ནད་པའི་གྲངས་འཕར་ཏེ་དེ་རིང་གི་ཉིན་མོ་བར་དུ་མི་གྲངས་ ༣༨༡ ཆགས་འདུག ནད་རླབས་གསུམ་པ་སླེབས་སྟངས་མི་འདྲ་བ་མང་པོ་ཞིག་བཤད་ཀྱི་ཡོད། དོན་དུ་ནད་རླབས་གསུམ་པ་སླེབ་རྒྱུ་ཡིན་པ་དངོས་ཡོད་རེད། འགའ་ཤས་ཀྱིས་ཕྱི་ཟླ་ ༧ ཚེས་ ༤ ཉིན་ནས་བཟུང་རྒྱ་གར་རྒྱལ་ཡོངས་ནང་ནད་པའི་གྲངས་ཚད་མང་དུ་འཕར་གྱི་ཡོད་པར་བརྟེན་ཕྱི་ཚེས་ ༤ ནས་ནད་རླབས་གསུམ་པ་འགོ་བཙུགས་པ་རེད་ཅེས་བརྗོད་མཁན་ཡང་ཡོང་གི་འདུག གཞན་ཡང་ཕྱི་ཟླ་ ༨ པའི་ནང་ནད་རླབས་གསུམ་པ་འགོ་འཛུགས་རྒྱུ་ཡིན་པ་སོགས་གང་ལྟར་ནད་རླབས་གསུམ་པ་སླེབ་ཀྱི་ཡོད་པ་ཡོངས་གྲགས་རེད།
བོད་མི་ནད་པ་ ༣༨༡ ནང་ནས་བལ་ཡུལ་ནང་མི་གྲངས་ ༤༠ དང་། རྒྱ་གར་ནང་མི་གྲངས་ ༣༤༡ ཡོད། རྒྱ་གར་ནང་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནང་མང་ཤོས་ལྟ་བུ་ཆགས་ཀྱི་ཡོད། ན་ནིང་དགུན་ཚོང་ལ་ཕེབས་མ་ཐུབ་པ་དང་ད་ལོའང་ཕེབས་མ་ཐུབ་ཚེ་དཀའ་ངལ་ཡོད་པར་བརྟེན་དགུན་ཚོང་ལ་ཕེབས་མཁན་ཁག་གཅིག་ཡོད་ཀྱི་རེད་བསམ་གྱི་འདུག དགུན་ཚོང་ལ་ཕེབས་པའི་སྐབས་རྒྱལ་སའི་ནང་མི་འབོར་མང་པོ་དང་གཙང་སྦྲ་འཕྲོད་བསྟེན་ཞན་པོ་ཡིན་སྟབས། ཁ་རས་གྱོན་རྒྱུ་དང་ལག་པར་དུག་སེལ་སྨན་བྱུག་རྒྱུ་སོགས་རང་དོན་རང་གཅེས་ཀྱི་ཐོག་ནས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་ས་གནས་འགོ་འཛིན་དང་སྨན་ཁང་འགན་འཛིན་ཡོངས་ལ་ནད་རླབས་གསུམ་པའི་ཆེད་དུ་ས་གནས་སོ་སོའི་མི་འབོར་ལ་དཔགས་པའི་སྔོན་འགོག་དང་སྨན་བཅོས་ཀྱི་གྲ་སྒྲིག་སླད་ཅ་དངོས་གང་དགོས་ཀྱི་ཐོ་གཞུང་གནང་དགོས་སྐོར་ལམ་སྟོན་ཞུས་པ་ལྟར་ས་གནས་མང་ཆེ་བས་ཐོ་གཞུང་ཕུལ་བ་ལྟར་མཐུན་རྐྱེན་སྦྱར་ཟིན་པ་ཡིན།
དེ་རིང་སླར་ཡང་ནད་རླབས་གསུམ་པར་དམིགས་ཏེ་ས་གནས་འགོ་འཛིན་དང་སྨན་ཁང་འགན་འཛིན་ཡོངས་ལ་དོན་ཚན་བཞི་ཅན་གྱི་གསལ་བསྒྲགས་བཏང་ཡོད། གསལ་བསྒྲགས་ཀྱི་དོན་སྙིང་ནི། ནད་རླབས་གསུམ་པ་མ་བསླེབས་པའི་སྔོན་ནས་ས་གནས་སོ་སོར་སྔོན་འགོག་གི་མཐུན་རྐྱེན་གང་དགོས་པ་རྣམས་པ་ད་ལྟ་ནས་གཟིགས་རོགས་གནང་ཞེས་དང་། ནད་རླབས་གསུམ་པའི་སླེབ་པའི་སྐབས་སྒོ་རྒྱ་བསྡམ་པ་དང་ཅ་དངོས་ཀྱི་གོང་ཚད་བསམ་ཡུལ་ལས་འདས་པ་འཕར་གྱི་ཡོད། དེ་སྔ་ནད་རླབས་དང་པོ་དང་གཉིས་པའི་སྐབས་ཉམས་མྱོང་གང་མང་བྱུང་ཡོད། ཅ་དངོས་རྣམས་ད་ལྟ་ནས་ཉོས་ཏེ་ནད་ཡམས་ཁྱབ་བརྡལ་ཕྱིན་པའི་སྐབས་བདེ་སྤྱོད་གཏོང་དགོས་སྐོར་གྱི་ལམ་སྟོན་ཕུལ་ཡོད། གྲྭ་ཚང་དང་སློབ་གྲྭ་ཁག་ཏུ་མི་མང་པོ་ཞིག་མཉམ་དུ་སྡོད་ཀྱི་ཡོད་སྟབས། ང་ཚོས་དྲ་ཐོག་ནས་ཚོགས་འདུ་ཐེངས་མང་པོ་བསྐོང་ཚོགས་གནང་སྟེ་ཁ་སང་ལམ་སྟོན་ཞིག་གཏན་འབེབས་ཀྱིས་སློབ་ཕྲུག་གཏན་དུ་བཞུགས་མཁན་གྱི་སློབ་གྲྭ་བཅོ་ལྔ་འདུག དེ་དག་གི་དབུ་འཛིན་དང་ལྷན་དུ་གོ་བསྡུར་ཟིན་པ་ཡིན། བོད་སྨན་ནི་སྔོན་འགོག་གི་རིམ་པ་གལ་ཆེན་པོ་ཡིན་པའི་ཆ་ནས་ནད་རླབས་གསུམ་པ་ལ་ཕན་པའི་ལོ་ ༡ ནས་ ༡༧ བར་གྱི་ཕྲུ་གུར་བོད་སྨན་གཏོང་དགོས་སྐོར་ཡང་ཡང་ཞུ་བཞིན་ཡོད། ད་ལྟའི་གནས་སྟངས་ལ་ལྟ་ཡོང་དུས་ནད་རླབས་གསུམ་པ་ཡོང་རྒྱུ་གཏན་འཁེལ་རེད་འདུག
ང་ཚོའི་མི་རིགས་ཀྱི་བདེ་རྩའི་ཆེད་དུ་ས་གནས་འགོ་འཛིན་གཙོ་བོར་གྱུར་པའི་ས་གནས་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་འགན་འཁུར་མཁན་ཆང་མས་སླར་ཡང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ཚོགས་འདུ་བསྐོང་ཚོགས་ཀྱིས་ས་ཁུལ་སོ་སོར་སྔོན་འགོག་འཐུང་ཚང་ཞིག་བསྐྲུན་ཐུབ་པའི་ཐོག་ནས་ས་གནས་སུ་ནད་ཡམས་སླེབ་མི་ཐུབ་པའི་ཐབས་ཤེས་དང་། སླེབ་པའི་དབང་དུ་བཏང་ཡང་རྒྱ་ཁྱབ་ཏུ་ཁྱབ་བརྡལ་མི་འགྲོ་བ་ཞིག་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ནད་རླབས་དང་པོ་དང་གཉིས་པ། གསུམ་པ་འགོ་འཛུགས་གྲབས་ཡོད་པའི་སྐབས་སྨན་བཅོས་ཀྱི་མཐུན་འགྱུར་དང་སྔོན་འགོག་གི་མཐུན་རྐྱེན་སོགས་བསྐྲུན་ཡོད། མེད་ན་མ་གཏོགས་གཞན་ཆ་ཚང་བསྐྲུན་པ་ལྟ་བུ་རེད། རྒྱལ་ཁབ་རང་བཙན་ཡོད་མཁན་མང་པོ་ཞིག་ལས་ལྷག་བོད་མིའི་སྒྲིག་འཛུགས་ནས་གནང་ཡོད་བསམ་བཞིན་འདུག ད་དུང་ཡིན་ནའང་མཐུན་འགྱུར་གནང་དང་གནང་བཞིན་ཡོད་པའི་ཁར་ནད་རླབས་དང་པོ་དང་གཉིས་པའི་ཉམས་མྱོང་ལ་གཞིགས་ནས་ནད་རླབས་གསུམ་པའི་ཐོག་དེ་ལས་ལྷག་གནང་ཐུབ་རྒྱུའི་འབད་བརྩོན་ཞུས་དང་ཞུ་བཞིན་ཡོད། ཛ་དྲག་གི་གནས་སྟངས་ཐོག་ཕྱག་རོགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ནད་རླབས་གསུམ་པ་སླེབ་རྒྱུ་ཡིན་པ་མངོན་གསལ་ལྟར། ཚང་མས་ནུས་པ་ཆེ་ཤོས་འདི་རང་གཅེས་སྲུང་བྱ་རྒྱུ་རེད། ཕྱི་ལོག་དང་ལྷག་པར་མི་ཚོགས་མང་པོ་ཡོད་སར་སོ་སོར་འགན་ཡོད་པའི་ཐོག་ཁ་རས་ངེས་པར་དུ་གྱོན་དགོས་རྒྱུ་དང་ལག་པ་ཡང་ཡང་འཁྲུས་པ། དུག་སེལ་བེད་སྤྱོད་སོགས་སྔོན་འགོག་གི་ཐབས་ལམ་ཁག་ངེས་པར་ལག་བསྟར་གནང་དགོས། ཞེས་གསུངས།
དེ་ནས་ལས་དོན་ཚོགས་ཆུང་གི་གསར་
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་
སེམས་ཁམས་འཕྲོད་བསྟེན་དང་འབྲེལ་
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ
མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུ
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨ