༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚུ་ཆོད་ ༩ ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་འབྱོར་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་བོད་རྒྱའི་གྲོས་མོལ་བསྐྱར་གསོ་དང་། ད་ལྟ་སྒྲུབ་བཞིན་པའི་གྲངས་འཛིན་སྒྱུར་འཇུག་(digitisation project) གི་ལས་གཞི། ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་མི་འབོར་ཞིབ་བཤེར་སོགས་སྐབས་ ༡༦ པའི་བཀའ་ཤག་གི་ལས་དོན་གཙོ་བོ་ཁག་གཅིག་གི་སྐོར་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་མཐུན་རྐྱེན་ཁག་དང་། ཚོགས་ཁང་། འགྲེམས་སྟོན་ཁང་སོགས་ལ་རྟོག་ཞིབ་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་ལྷན་དུ་ཚོགས་འདུ་ཚོགས་ཏེ་བོད་ཀྱི་ཟློས་གར་ཚོགས་པའི་འདས་པའི་གྲུབ་འབྲས་ཁག་དང་། མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་བཀའ་སྡུར་ལྷུག་པོར་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ཤེས་རིག་དྲུང་ཆེ་རྣམ་རྒྱལ་ཁང་འཇིགས་མེད་རྣམ་རྒྱལ་ལགས། དྲུང་འཕར་ཚེ་རིང་ཆོས་འཛོམས་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས། །