༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༧ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གསུང་དོན། ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལྷོད་གཡེང་ལྟ་བུ་ཆགས་པ་རྣམ་པ་ཚོའི་ཚོར་བཞིན་ཡོད་པ་ལྟར། ཕྱོགས་གང་ས་ནས་འདུ་འཛོམས་མང་པོ་ཞིག་གནང་གི་འདུག དེ་སྔ་ནད་རླབས་དང་པོ་དང་གཉིས་པའི་སྐབས་རྒྱ་གར་གྱིས་གཙོས་ང་ཚོའི་སྤྱི་ཚོགས་ནང་འདུ་འཛོམས་སོགས་བྱས་པའི་རྐྱེན་གྱིས་འཐུས་ཤོར་ཕྱིན་ཡོད། འདུ་འཛོམས་སོགས་གནང་བའི་སྐབས་ང་ཚོས་སྔོན་འགོག་གི་ཐབས་ལམ་རྣམས་ལག་བསྟར་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད་མུ་མཐུད་ལག་བསྟར་གནང་རོགས།
བོད་པའི་སྤྱི་ཚོགས་ནང་ནད་རླབས་དང་པོ་དང་གཉིས་པའི་དབར་ནད་པའི་གྲངས་འབོར་བསྡུར་ཚེ་ནད་རླབས་གཉིས་པའི་སྐབས་ནད་པ་སྡབ་གཉིས་མང་བ་དང་འདས་གྲོངས་སུ་གྱུར་བ་ཡང་སྡབ་གཅིག་གི་མང་བ་བྱུང་ཡོད། ང་ཚོའི་ངོས་ནས་གྲ་སྒྲིག་ཨང་སར་བྱེད་དགོས། ནད་རླབས་གསུམ་པ་སླེབས་པའི་དབང་དུ་བཏང་ན། ནད་རླབས་དང་པོ་དང་གཉིས་པའི་སྐབས་འཐུས་ཤོར་ཇི་ལྟར་ཕྱིན་པ་རྣམས་ལས་སློབ་གསོ་བླངས་ཏེ་ནད་རླབས་གསུམ་པའི་སྐབས་དཀའ་ངལ་མ་ཡོང་བའི་འབད་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་འདུ་འཛོམས་རིགས་གནང་བའི་སྐབས་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གཞི་དང་མཐུན་པའི་ཐོག་སོ་སོའི་ངོས་ནས་ཁ་རས་གྱོན་པ་དང་དུག་སེལ་བེད་སྤྱོད་བཏང་བ། ལག་པ་ཡང་ཡང་བཀྲུས་པ། བར་ཐག་བཞག་རྒྱུ་བཅས་ལག་བསྟར་གནང་དགོས།
འགྲིམ་འགྲུལ་སྐབས་མི་གང་བྱུང་དང་མི་ཐུག་པར་གཙོ་འཛིན་དང་འབྲེལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཁག་ལག་བསྟར་སྤུས་དག་གནང་དགོས། འགྲིམ་འགྲུལ་རྗེས་རང་ཁྱིམ་དུ་ཕེབས་སྐབས་ཉིན་གྲངས་བཅུ་བཞི་རིང་ངེས་པར་དུ་ཟུར་འཇོག་ནན་པོ་བཞུགས་དགོས། ཟུར་འཇོག་ཏུ་བཞུགས་པའི་རིང་རང་ཉིད་སེམས་མ་སྐྱིད་པ་བྱུང་ཚེ། དབུགས་སྦྱོང་དང་ལུས་རྩལ། དེ་བཞིན་སོ་སོའི་ཕ་མ་སྤུན་མཆེད། གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་འབྲེལ་གཏུགས་གནང་ཡུལ་གྱི་སྡིངས་ཆ་གྲ་སྒྲིག་སྐྲུན་ཡོད་པས་འབྲེལ་བ་གནང་རོགས། ནད་རླབས་གསུམ་པ་དེ་བཞིན་ཕྲུ་གུ་རྣམས་ལ་དཀའ་ངལ་ཡོང་རྒྱུ་ཡིན་སྐོར་གསུང་གི་ཡོད། ཕ་མའི་ངོས་ནས་ཕྲུ་གུ་རྣམས་ངེས་པར་དུ་ཁ་རས་གྱོན་རྒྱུ་དང་ལག་པ་ཡང་ཡང་བཀྲུ་རྒྱུ་སོགས་ཀྱི་གོམས་གཤིས་བཟོ་དགོས། ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བརྒྱབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།སྔོན་ཁབ་བརྒྱབ་ཟིན་པ་རྣམས་ན་བའི་དབང་དུ་བཏང་ཚེ་དཀའ་ངལ་ཆུང་བ་ཡོད་པར་བརྟེན་ངེས་པར་དུ་སྔོན་ཁབ་བརྒྱག་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་གྲུབ་མཚམས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༡༤ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༥ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༡༩ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༣༨༩ དང་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༥༤༠ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༩༢༩ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༣༧༣༣༩ ལ་རིན་མེད་བགོ་འགྲེམས་གནང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༣༡ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་ ༥ བཅས་ཀྱི་བོད་མི་གྲངས་ ༤༢༥ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་ལོ་ན་ ༦༠ ཡན་གྱི་བོད་མི་གྲངས་ ༡༥༦༣༠ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། དེ་བཞིན་མི་གྲངས་ ༣༠༧༠༥ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། བལ་ཡུལ་ནང་སྔོན་འགོག་སྨན་ཁབ་འཐོབ་རྒྱུ་ཕྲན་བུ་ཁག་པོ་དང་དཀོན་པོ་ཡོད་པར་བརྟེན་ད་ལྟའི་ཆར་གྲངས་མཐོ་འཕར་མི་འདུག སྔོན་འགོག་སྨན་ཁབ་རིམ་པ་དང་པོ་ཐོབ་པ་མི་གྲངས་ ༡༠༤༥ དང་། སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་ཐོབ་མཁན་མི་གྲངས་ ༤༠༣ ཆགས་ཀྱི་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༥༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༣༧ དང་། བུད་མེད་གྲངས་ ༡༥ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༣ དང་ཆུང་ཤོས་དེ་བྱིས་པ་ལོ་ ༥ ཡིན། སྟབས་མ་ལེགས་པ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་གཅིག་འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༥༢༠༨ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༤༧༩༧ ། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༣༢ ། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༢༧༩ ཡོད། ཅེས་སོགས་གསུངས།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་དེ་ཕྲན་བུ་འཕར་ཡོད་སྟབས་ཚང་མས་ཐུགས་གཟབ་དགོས་པའི་གནས་སྟངས་ཤིག་ཆགས་འདུག དེ་བཞིན་མོན་ཡུལ་དང་འབྲས་ལྗོངས་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ས་གནས་དེ་དག་ཏུ་བཞུགས་མཁན་རྣམས་ཀྱིས་གང་གཟབ་གནང་རོགས། ཕྱོགས་མཚུངས་ཀེ་རལ་དང་། ཨ་སམ། ཨོ་ཌི་ཤཱ་བཅས་སུའང་གནས་སྟངས་ལྗིད་དུ་འགྲོ་བཞིན་ཡོད་འདུག
ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་མངའ་སྡེ་གཞན་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཕེབས་པའི་དུས་ཚོད་ཡིན་པར་བརྟེན་ཚང་མས་ཁ་རས་ངེས་པར་དུ་གྱོན་རོགས། ནད་རྟགས་ཡོད་རིགས་རྣམས་ནས་བརྟག་དཔྱད་གང་མགྱོགས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་སོགས་གསུངས། །