༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་ (Shri Virbhadra Singh) མཆོག་ནད་གཞིའི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུན་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧ་ཅང་བློ་ཕམ་པའི་སྒོ་ནས་འདས་པོ་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་པྲ་ཏི་བྷ་སིངྒ་ (Shmt Pratibha Singh) མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཕུལ་གནང་བའི་ནང་འཁོད་དོན། སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་གོ་ཐོས་བྱུང་སྟབས་ཧ་ཅང་བློ་ཕམ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་གཙོས་ནང་མི་ལྷན་རྒྱས་དང་ཧི་མཱ་ཅལ་མངའ་སྡེའི་མི་མང་ཡོངས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན།
དམ་པ་དེ་ཉིད་ཀྱིས་ཡང་དག་པའི་དབུ་ཁྲིད་འོག་ལོ་བཅུ་ཕྲག་མང་པོའི་རིང་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ཉིད་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེ་ལ་ཞབས་འདེགས་རླབས་ཆེན་ཞུས་གནང་བ་དེས་མི་མང་པོའི་མི་ཚེ་དང་སེམས་ནང་བརྗེད་ཐབས་མེད་པའི་བག་ཆགས་བཟང་པོ་ཞིག་བཞག་ཡོད།
དེ་བཞིན་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་ད་བར་བོད་དོན་སླད་བློས་བཏང་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་ལ་མཚོན་ན་དམ་པ་དེ་ཉིད་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
རླབས་ཆེན་གྱི་སྐྱེས་བུ་ཞིག་འདི་ལྟར་དགོངས་པ་རྫོགས་པར་དེ་རིང་བོད་མི་ཡོངས་ནས་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གི་མཛད་རྗེས་ལ་བརྩི་བཀུར་ཞུས་པའི་ཐོག་སྐུ་ཉིད་ཀྱི་ནང་མི་ལྷན་རྒྱས་དང་ཧི་མཱ་ཅལ་མི་མང་ལྷན་དུ་མྱ་ངན་གུས་འདུད་ཞུ་བཞིན་ཡོད། སླར་ཡང་ངས་སྐུ་ཉིད་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།