༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་སྲི་ཞུ་བ་ལས་བྱེད་གཉིས་ཀྱི་ངོ་སྤྲོད།
ནང་སྲིད་ཁྱབ་ཁོངས་མོན་གྷོ་ས་གནས་འགོ་འཛིན་དྲུང་གཞོན་ཆུ་བསམ་ལྷག་པ་ཚེ་རིང་ལགས།
༡། དྲུང་གཞོན་ཆུ་བསམ་ལྷག་པ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༩ ནས་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་ཀྱིས་ཐོག་མར་ཤིས་ལོང་ས་གནས་འགོ་འཛིན་དུ་བསྐོ་གཞག་སྐབས་དེ་གའི་རང་བདེན་ཚོགས་ཆུང་གིས་འོས་འདེམས་གནང་ཕྱོགས་བཅའ་ཁྲིམས་དགོངས་དོན་བསྒྱུར་བཅོས་བཏང་ཐུབ་པ་བྱུང་ཡོད། ས་གནས་སུ་ཡོད་པའི་སྐབས་སུ་ཤིས་ལོང་མ་དགོན་དགའ་ལྡན་ཆོས་གླིང་གི་འདུ་ཁང་དང་གྲྭ་ཤག་ཡར་རྒྱས་འཐུས་གཙང་བཏང་། ས་གནས་འཐུས་མིའི་ཚོགས་འདུ་ལོ་ངོ་ ༡༣ རྗེས་བསྐྱར་དུ་བསྐྱར་འཛུགས་ཐུབ་པ་བྱུང་ཡོད།
གཞན་ཡང་ཀུ་ལུ་དང་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་གནང་པའི་རིང་ཡུལ་མི་དང་མཐུན་འབྲེལ་སླད་གཞུང་འབྲེལ་མཛད་སྒོའི་སྐབས་སུ་རྒྱ་གར་གནད་ཡོད་མི་སྣ་གདན་ཞུ་གནང་དགོས་ཁག་འཐུས་གཙང་གནང་ཡོད་པ་དང་། ས་གནས་མི་མང་གི་དཀའ་སེལ་སླད་ལས་གཞི་འདྲ་མིན་ལག་བསྟར་འཐུས་གཙང་གནང་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༩ ནས་མོན་གྷོ་ས་གནས་འགོ་འཛིན་དུ་ས་འགོ་ཚབ་གསར་ལས་མྱོང་ཅན་ཞིག་དགོས་གལ་ཁོང་ལ་གནས་སྤོས་བཀོད་སྒྲིག་གནང་བ་ལྟར་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་སྒྱུར་གནང་བའི་སྐབས་སུ་ལས་དོན་ཁག་འཐུས་ཤོར་མེད་པ་འགན་ཁུར་ཆ་ཚང་ཞུས་ཡོད།
གཞིས་ཆགས་སྤྱི་ཡོངས་ཀྱི་འཁོར་ལམ་དཀའ་སེལ་སླད་གཞུང་སྒེར་གཉིས་བརྒྱུད་ཐབས་འཚོལ་ཞུས་འབྲས་ད་ལྟའི་འཆར་ཁྱོན་སྒོར་འབུམ་ ༣༩༤ སྐོར་ཞིག་གི་ལས་འཆར་ལྷོ་སྤྱི་ལས་ཁུངས་བརྒྱུད་བཀའ་འཁྲོལ་ཐོབ་རེ་ཡོད། བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་གཞན་ཡང་གཏོང་ཕོད་ཅན་གྱི་སྦྱིན་བདག་ཁག་གཅིག་ལ་སྐྱབས་འཇུག་ཞུ་དོན་བཞིན་ས་གནས་རྒས་གསོ་ཁང་གི་མ་དངུལ་གནས་སྟངས་ད་ལྟའི་འཆར་འདོད་བློ་ཁེངས་པ་ཡོད། དེ་བཞིན་དབུས་ནས་རོགས་དངུལ་གསོལ་བསྩལ་གྱིས་ལས་གཞི་ལག་བསྟར་ཞུ་དགོས་ཆ་ཚང་འཐུས་ཤོར་མེད་པ་འཐུས་གཙང་ཞུས་དང་ཞུ་མུས་སུ་ཡོད།
འཛམ་གླིང་ཕྱོགས་གང་སར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་སེལ་ཐབས་ལམ་ལག་བསྟར་ཞུ་མུས་བཞིན་མོན་གྷོ་ས་གནས་སུའང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་ལྟར་ལས་དོན་བྱ་དགོས་ཆ་ཚང་འཐུས་ཤོར་མེད་པ་ལག་བསྟར་ཞུ་མུས་དང་། ཕྱི་ཕྱོགས་ནས་ཁྱོན་བསྡོམས་མི་གྲངས་ ༢༥༤ སྐོར་ཞིག་ས་གནས་སུ་ཕེབས་སྐབས་དེ་དག་ལ་འགོག་དབྱེ་ཟུར་འཇོག་ཁང་གོ་སྒྲིག་ཞུ་དགོས་སོགས་ཀྱི་མཐུན་འགྱུར་གང་འོས་སྦྱར་ཐུབ་པ་བྱུང་ཡོད།
ས་གནས་ཆོས་གཞིས་གཉིས་ནས་ཞལ་འདེབས་སྒོར་ ༡༡༡༥༠༠༥ བསྡུ་འབུལ་བྱུང་བ་སྒྲིག་ཁོངས་ཆོས་སྡེ་ཁག་དགུ་དང་བླ་སྤྱི་གཉིས་ནས་ཞབས་རིམ་གནད་སྨིན་གསོག་སྒྲུབ་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། ཏོག་དབྱིབས་གནས་སྟངས་ཛ་དྲག་སྐབས་སུ་གཞིས་ཆགས་ཀྱི་ཉེ་འདབས་སུ་ཡོད་པའི་ཡུལ་མི་ཉམ་ཐག་རྣམས་ལ་སྐམ་ཟས་བགོ་འགྲེམས་ཞུ་དགོས་སོགས་མཐུན་འགྱུར་གནང་དགོས་ཇི་ཡོད་ཆ་ཚང་འཐུས་ཤོར་མེད་པ་གནང་ཐུབ་པ་བྱུང་ཡོད། ས་གནས་རྫོང་དཔོན་བརྒྱུད་རྒྱ་གར་དབུས་ས་གཞུང་གཉིས་ལ་ཏོག་དབྱིབས་ནད་ཡམས་ངལ་སེལ་ཆེད་ཞལ་འདེབས་སྒོར་ ༡༨༤༥༠༧༣༥ ལྷག་ཕུལ་ཐུབ་པ་བྱུང་ཡོད།
མདོར་ན་དྲུང་གཞོན་ལྷག་པ་ཚེ་རིང་ལགས་སྲི་ཞུར་ཞུགས་པ་ནས་བཟུང་ས་བབ་གནམ་གཤིས་ཚ་གྲང་དང་། མཐའ་འཐོར་ཁག་ལ་རང་དོན་རྒྱབ་སྐྱུར་གྱིས་ལས་དོན་ཆེ་ཕྲ་གང་ཡིན་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ནང་མི་ལོ་ ༢༣ ལྷག་ལས་འགན་འདྲ་མིན་ཐོག་ལས་ཁུར་སྣ་མང་ཞུས་མྱོང་བའི་ལས་བྱེད་རྒན་གྲས་ཤིག་ཡིན། ཕྱི་ལོ་ ༢༠༢༠ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་པར་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཟེངས་རྟགས་གནང་གཏན་འཁེལ་བའི་གསལ་བསྒྲགས་སུ།
ནང་སྲིད་ཁྱབ་ཁོངས་ལྡི་ལི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས།
༢། ནང་སྲིད་ཁྱབ་ཁོངས་ལྡི་ལི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ནི། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༢ ནས་སྲི་ཞུའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཐོག་མར་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་དང་། ཕྱི་ལོ་ ༢༠༠༦ ལོར་སྦིར་བོད་ཚོགས་དང་། རིམ་པས་ལྡི་ལི་བསམ་ཡས་གླིང་། བསྟན་འཛིན་སྒང་། སྦན་ད་ར་ནོར་རྒྱལ་གླིང་། མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་ས་གནས་བཅས་དང་། ད་ལྟའི་འཆར་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་གནང་མུས་ཡིན། དོ་བདག་དེ་སྔ་ལྡི་ལི་ས་གནས་ཀྱི་ལས་དྲུང་ཡིན་པའི་སྐབས་སུ་ས་ཆའི་དཀའ་རྙོག་སེལ་སླད་ས་འགོ་གཙོ་བོར་གྱུར་པའི་ཕྱི་ཁག་གི་དཔོན་རིགས་ཁག་ལ་འབྲེལ་བ་ཞུ་དགོས་མཚོན་ལས་དོན་ཞུ་སྒོ་མཐའ་དག་འཐུས་ཤོར་མེད་པ་ལེགས་གྲུབ་ཞུས་པར་བརྟེན་ད་ལྟའི་འཆར་ས་ཆ་དང་འབྲེལ་བའི་དཀའ་རྙོག་ཆེ་རིགས་བྱུང་མེད།
གཞན་ཡང་བསྟན་འཛིན་སྒང་ས་གནས་སུ་རྒྱ་གར་མངའ་གཞུང་ནས་ལམ་ཆེན་གསར་རྒྱག་ཞུ་རྒྱུའི་ལས་འཆར་དང་མི་མང་གི་ས་ཞིང་། ཁང་པ་སོགས་ལས་གཞིའི་འོག་ཚུད་ཡོད་པ་རྣམས་ལ་གུན་གསབ་སྤྲོད་དགོས་ལ་སོགས་ཀྱི་ལས་དོན་ཐོག་མཐུན་འགྱུར་གང་ལེགས་ཞུ་ཐུབ་པ་བྱུང་ཡོད།
ནཱག་པུར་བོད་མིའི་ཁྲོམ་སའི་ས་ཆའི་དཀའ་རྙོག་སེལ་སླད་འབྲེལ་ཡོད་མངའ་གཞུང་གི་དཔོན་རིགས་མཇལ་འཕྲད་ཞུས་མཐར་ཕྱི་ལོ་ ༢༠༡༥ ནས་ད་བར་དམིགས་བསལ་དཀའ་ངལ་འཕྲད་པ་བྱུང་མེད། དེ་དང་ཕྱོགས་མཚུངས་ཧ་རི་ཡ་ནའི་མངའ་ཁུངས་ཨམ་བྷ་ལའི་བོད་མི་ཁྱིམ་ཚང་ ༢༩ གཏན་འཇགས་གནས་སྡོད་གནང་བཞིན་པ་རྣམས་ཀྱི་སྡོད་གནས་དཀའ་སེལ་སླད་དཔོན་རིགས་ཁག་ལ་འབྲེལ་ཞུས་གནང་འབྲས་ད་ཆ་ས་ཆ་ཨེར་ཀ་ ༢ ཙམ་ཞིག་ས་ཐིག་གནང་རྒྱུའི་ཞལ་བཞེས་ཐོབ་ཏེ། རིན་མིན་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ འོག་ས་ཆ་ཐོབ་རེ་ཡོད།
དེ་བཞིན་སྦན་ད་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་ཁག་ཕྱི་ལོ་ ༡༩༧༢ ནས་ ༢༠༡༡ བར་དབུས་གཞུང་ནས་མངའ་སྡེའི་རྫོང་ཁུངས་སུ་རྩིས་སྤྲོད་བྱུང་མེད་པ་ད་ཆ་དཔོན་རིགས་དང་འབྲེལ་ལས་བཅས་སུ་འབྲེལ་ཞུས་མཐར་ཕྱི་ལོ་ ༢༠༡༢ ལོར་སྦན་ད་ར་གཞིས་ཆགས་ཀྱི་མཐའ་མཚམས་ཡོངས་རྫོགས་ཁྲིམས་མཐུན་ས་ཐིག་ལེན་ཐུབ་པ་མ་ཟད། ད་ཡོད་བོད་མི་གནས་སྡོད་ས་ཆ་དེ་བཞིན་མངའ་སྡེའི་ཁོངས་སུ་ཡོད་པ་ཁ་གསལ་བྱུང་ཡོད།
མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་ཁེ་ན་ཊ་གནས་སྤོས་དང་འབྲེལ་མང་ཚོགས་ཁྲོད་དཀའ་རྙོག་རིམ་པ་བཟོ་ཐབས་བྱས་ཀྱང་དཀའ་ངལ་མཐའ་དག་གདོང་ལེན་གྱིས་ལས་གཞི་ལག་བསྟར་གང་ལེགས་མཇུག་བསྡུས་ཐུབ་པ་བྱུང་ཡོད།
ཀྲུ་ཀྲིང་དུ་ལས་འགན་ཞུ་མུས་སྐབས་ས་གནས་ལུང་ཁུག་གནས་བབ་ཆ་ནས་དཀའ་ངལ་དང་། ཡུལ་མིའི་དཀའ་ངལ་མང་དག་ཡོད་རུང་དེ་དག་ཚང་མར་གདོང་ལེན་དང་། མང་ཚོགས་ལ་ཟ་འབྲུ་ཐོབ་ཐབས། ལྷག་པར་བོད་མི་ ༢༠༠ སྐོར་ཞིག་གི་དཔྱ་དངུལ་ལག་དེབ་གསར་བཟོ་མཚོན་པའི་ས་གནས་འགོ་འཛིན་ལས་ཁང་གསར་རྒྱག་ལེགས་གྲུབ་བྱུང་ཡོད།
ད་ཡོད་ལྡི་ལི་མཐོ་སློབ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་གར་སློབ་ཕྲུག་ཁྲོད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཟབ་སྦྱོང་སྤྲོད་དགོས་ལས་འགུལ་ཞིག་སྤེལ་ཡོད་པ་ད་ལྟའི་ཆར་གང་ལེགས་འགྲོ་མུས་སུ་ཡིན།
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་ལྡི་ལི་ཁུལ་དུ་དམིགས་བསལ་ཛ་དྲག་གནས་སྟངས་ཆགས་པར་སོང་། སྐབས་དེར་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་རང་ཁྱིམ་དུ་ལོག་མཁན་རྣམས་ལ་གནས་སྐབས་སྡོད་ཁང་དཀའ་སེལ་དང་། བོད་མི་མང་དག་ཅིག་རང་ཁྱིམ་དུ་ལོག་ཐབས་སླད་འབྲེལ་ཡོད་ཁག་ནས་ཆོག་མཆན་ཞུ་དགོས་མཚོན། གླ་འཁོར་གོ་སྒྲིག་ཞུ་རྒྱུ་དང་། བཟའ་འཐུང་མཐུན་འགྱུར་གོ་སྒྲིག་ཞུ་དགོས་ཆ་ཚང་འཐུས་གཙང་ཞུས་ཡོད། འགྲོ་ཁོངས་མེད་པའི་རང་རིགས་ཁྲོད་རིན་མེད་མགྲོན་ཁང་མཐུན་འགྱུར་དང་། ཟླ་ཤས་རིང་ཞལ་ལག་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཡོད། དེ་བཞིན་དབུས་ནས་དཀའ་སེལ་སླད་ལམ་སྟོན་དང་མཐུན་འགྱུར་འབྱོར་རིག་ཆ་ཚང་འཚེམས་ལུས་མེད་པར་བགོ་འགྲེམས་དང་། རྒྱ་གར་ཡུལ་མི་ ༥༠༠ སྐོར་ཞིག་ལ་དགོས་གལ་མཐུན་འགྱུར་རོགས་ཕན་ཞུས་ཐུབ་པ་བྱུང་ཡོད། གང་ལྟར་སྡེ་འགན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་འདས་བའི་མི་ལོ་ ༡༨ ལྷག་རིང་ས་ཕྱོགས་གང་དུ་གནས་སྤོས་སོང་ཀྱང་རང་ནུས་གང་ལྕོགས་ཀྱིས་མི་མང་ཞབས་ཞུ་སྔར་ལྷག་བསྒྲུབ་རྒྱུའི་མངོན་འདོད་དང་ཆོད་སེམས་བརྟན་པོ་ཡོད་པའི་ལས་བྱེད་དྲག་གྲས་ཡིན་ན། གོང་གསལ་སྲི་ཞུ་བའི་ལས་བྱེད་གཉིས་ནི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཀྱི་དམིགས་ཡུལ་ལྟར་བདམས་ཐོན་བྱུང་བ་ཡིན། ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་ནས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ལ།།