༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ ཉིན་གྱི་ཞོགས་ཇའི་དུས་ཚོད་དང་བསྟུན། ཕ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེཀ་ལིན་ (Jacqueline Eustache-Brinio) མཆོག་གིས་སྐབས་བཅུ་བདུན་པའི་ཡུ་རོབ་བདམས་ཐོན་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། ཕ་རན་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས། ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་དང་དྲུང་ཡིག་དབྱངས་སྐྱིད་སྒྲོལ་དཀར་ལགས། ཕ་རན་སིའི་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་འཇིགས་མེད་རྡོ་རྗེ་ལགས་བཅས་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་ཚོགས་འདུར་མགྲོན་འབོད་གནང་སྟེ་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གསར་པ་རྣམས་ངོ་སྤྲོད་གནང་ཡོད།
སྐབས་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེཀ་ལིན་མཆོག་གི་གཙོ་སྐྱོང་འོག་ཕ་རན་སིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨི་ལི་ཛེ་བྷི་ཐི་པི་ཀར་ཌི་ (ÉLISABETH Tout-Picard) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ཁུ་མེ་ཊི་ཨན་ནིག་(JACQUEMET Annick) མཆོག གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་མེ་ལམ་ཇོལ་ (GARRIAUD-MAYLAM Joël) མཆོག གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇོ་སེ་ཕི་ཨེ་ལི་སེ་ (JOSEPH Elise) མཆོག གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་པི་རེ་ཝི་ལེ་ (PRÉVILLE Angèle) མཆོག་བཅས་ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད།
སྐབས་བཅུ་བདུན་པའི་ཡུ་རོབ་བདམས་ཐོན་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར། དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ཆུ་སོགས་གནད་དོན་ཁག་གཅིག་གི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་ཕ་རན་སིའི་བོད་རིགས་ཚོགས་པའི་དགོས་དམིགས་དང་། ཕ་རན་སི་ནང་གི་བོད་མི་མི་འབོར་འཕེལ་རིམ། ཕ་རན་སིའི་བོད་རིགས་ཚོགས་པའི་ངོས་ནས་བོད་མིའི་རིག་གཞུང་དང་སྐད་ཡིག་སོགས་བདག་གཅེས་ཇི་ལྟར་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།
དྲུང་ཡིག་དབྱངས་སྐྱིད་སྒྲོལ་དཀར་ལགས་ཀྱིས་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་བོད་མིའི་གཟའ་མཇུག་སློབ་གྲྭའི་སྐོར་དང་། དེ་བཞིན་པེ་རི་སིར་ཡོད་པའི་བོད་མི་འདུས་སྡོད་ས་ཁུལ་གཞན་ཁག་ཏུའང་དེ་ལྟ་བུའི་གཟའ་མཇུག་སློབ་གྲྭ་གསར་འཛུགས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།
ཕ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེཀ་ལིན་མཆོག་གིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བ་དང་། གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་འཛུལ་ཞུགས་གནང་བ་བཅས་ལ་ཕ་རན་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཡོད།
གཞན་ཡང་ཁོང་གིས་ཕྱི་ལོ་ ༡༩༩༣ ལོར་པེ་རི་སིའི་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ཇེ་ཁུས་ (Jacques Chira) མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་པེ་རི་སིར་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཚུགས་ཐུབ་ཡོད་པ་སོགས་ཀྱི་སྐོར་གསུངས།
ཕ་རན་སིའི་འབྲེལ་མཐུད་ལས་ཁུངས་དང་ཕ་རན་སི་བོད་རིགས་ཚོགས་པ་ཐུན་མོང་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་དབུས་ཚོགས་མི་ཡོངས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་ཁ་བཏགས་དང་། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལ་ཊི་ཝི་ཡའི་ (Latvia) རྒྱལ་ས་རཱི་གྷར་ (Riga) རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ (Seventh World Parlimentarians’ Convention on Tibet) ཚོགས་པའི་སྙན་ཐོའི་དཔེ་དེབ་རེ་ཕུལ་ཡོད་པ་བཅས།།