༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་བལ་གཉིས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་ངལ་སེལ་དང་འབྲེལ་བའི་ཐད་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་བཞིན། སྦེལ་ཇམ་སྐུ་ཚབ་དོན་ཁང་གི་སྣེ་ཁྲིད་འོག་ནུབ་ཡུ་རོབ་ཁུལ་གྱི་བོད་མི་རྣམས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་ངལ་སེལ་ཐད་ད་རེས་སླར་ཡང་ཆིག་སྒྲིལ་གྱི་ནུས་པ་བཏོན་ཡོད།
དེ་ཡང་ཏོག་དབྱིིབས་གཉན་རིམས་ཀྱི་ངལ་སེལ་ཐད་འབོད་སྐུལ་ཞུས་པ་བཞིན་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་སྦེལ་ཇམ་ནས་ཡུ་སྒོར་ ༡༢༩༠༦།༠༠ དང་། ཕ་རན་སི་ནས་ཡུ་སྒོར་ ༤༡༧༠།༩༠ ནེ་དར་ལན་ཌ་ནས་ཡུ་སྒོར་ ༥༡༠།༠༠ སི་པན་ནས་ཡུ་སྒོར་ ༡༡༦༨།༠༠ བཅས་ཡུ་རུབ་ཁུལ་གནས་སྡོད་བོད་མི་རྣམས་ཀྱིས་ཁྱོན་ཡུ་སྒོར་ ༡༨༧༥༤།༩༠ ཐམ་པ་རྒྱ་གར་ནང་གི་བོད་མིའི་ཚོའི་ཏོག་དབྱིབས་གཉན་རིམས་ཀྱི་ངལ་སེལ་སླད་ཞལ་འདེབས་སུ་ཕུལ་ཡོད། དངུལ་འབོར་དེ་མགྱོགས་མྱུར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་འབུལ་རྒྱུ་ཡིན་འདུག
སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་དོན། ངས་སྦེལ་ཇམ་དང་པེ་རི་སིར་ཡོད་པའི་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམ་པ་དང་། ཡུ་རོབ་ཁུལ་གྱི་བོད་པའི་ཚོགས་སྡེ་ཁག་གི་འགོ་ཁྲིད་རྣམ་པ། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག་དང་མི་སྒེར་ཚང་མས་འབད་བརྩོན་ཆེན་པོས་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡུ་སྒོར་ཧ་ལམ་ ༡༩༠༠༠།༠༠ ལྷག་ཞལ་འདེབས་སུ་ཕུལ་བ་ནི་གདུས་སེམས་མཉམ་སྐྱེའི་རྣམ་པ་ཧ་ཅང་ཆེན་པོ་ཞིག་ཡིན་པ་ཡིད་ཆེས་ཡོད་བཅས་གསུངས། །