༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣ ཉིན་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་གནས་སྡོད་བོད་མི་ཚོས་ཉི་ཧོང་བ་དང་ལྷོ་ཀོ་རི་ཡ་མི་མང་ལྷན་དུ་ངོ་དེབ་དང་བྷི་ལུ་ཇན་སི་(Bluejeans)བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དྲ་ཐོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མཛད་སྒོར་དམིགས་བསལ་སྐུ་མགྲོན་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) མཆོག་དང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་ཧོང་བོད་སྐྱོབ་ཚོགས་པའི་ (Save Tibet Network Japan) ཚོགས་མི་སྐུ་ཞབས་མཱ་ཀི་ནོ་སེ་ཤུ་ (Makino Seishu) ལགས་ཀྱིས་གཙོས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ལྷོ་ཀོ་རི་ཡ་ནང་ཡོད་པའི་བསླབ་གསུམ་བཤད་སྒྲུབ་གླིང་གི་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས། གཞན་ཡང་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་གནས་སྡོད་བོད་མི་དང་། ཉི་ཧོང་བ། ལྷོ་ཀོ་རི་ཡའི་མི་མང་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་མཛད་སྒོའི་ཐོག་མར་བསླབ་གསུམ་བཤད་སྒྲུབ་གླིང་གི་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་སླད་སྨོན་ལམ་གསུང་འདོན་དང་། མགོན་པོ་གང་ཉིད་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་ཡོད།
དེ་རྗེས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལེགས་སྐྱེས་འབུལ་རྒྱུ་ཡག་ཤོས་ནི་སེམས་པ་བཟང་པོ་བྱེད་རྒྱུ་དང་མི་གཞན་ལ་སྙིང་རྗེ་སྒོམ་རྒྱུ་དེ་རེད། བོད་མི་དང་དད་ལྡན་གཞན་རྣམ་པ་ཚོས་ཕྱི་ཚེས་ ༦ ཉིན་མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་དངོས་གཞི་སྐབས་མ་ཎི་ཡིག་དྲུག་ཉུང་མཐར་ཚར་ཆིག་སྟོང་ཐམ་པ་འདོན་རོགས། ཞེས་རེ་སྐུལ་གནང་ཡོད།གཞན་ཡང་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་སློབ་སྦྱོང་གནང་དགོས་སྐོར་དང་། བོད་མིའི་འཐབ་རྩོད་ནི་རྒྱལ་སྤྱིའི་འཚེ་མེད་ཞི་བ་དང་། རང་དབང་། དྲན་བདེན་བཅས་ཀྱི་མཚོན་རྟགས་ལྟ་བུ་ཆགས་ཡོད། ཅེས་དང་། བོད་ཀྱི་རང་དབང་དང་ཁོར་ཡུག་ནི། ལྷོ་ཨེ་ཤི་ཡའི་མི་འབོར་ས་ཡ་མང་པོའི་རང་དབང་དང་། འཚོ་གནས། བརྟན་ལྷིང་བཅས་དང་ཐད་ཀར་འབྲེལ་བ་ཆགས་ཡོད། རྒྱ་གར་གནའ་བོའི་དཔལ་ནཱ་ལེནྡྲའི་ལེགས་བཤད་རྣམས་བསྐྱར་གསོ་བྱེད་པ་ཡིན་ན། དེ་དག་གིས་མ་འོངས་པར་འགྲོ་བ་མི་རྣམས་ཞི་བདེ་དང་འཚེ་བ་མེད་པའི་ཁ་ཕྱོགས་སུ་འཁྲིད་ཐུབ་ཀྱི་ཡོད། དེར་བརྟེན་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་དོན་རྟོགས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ཟླ་ ༡༢ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་སྲུང་བརྩི་མཛད་སྒོའི་ཐོག་མགོན་པོ་གང་ཉིད་ཀྱི་གསུང་རྩོམ་ཁག་གཅིག་ཨིན་ཡིག་ལས་ཕྱོགས་བསྡུས་ཞུས་ཏེ་ཉི་ཧོང་སྐད་དུ་ཕབ་བསྒྱུར་ཞུས་པ་ (Wisdom Mind) ཞེས་པ་ཞིག་དབུ་འབྱེད་གནང་གཏན་ཁེལ་ཡོད་པའི་སྐོར་གསུངས།
ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུས་པ་དང་འབྲེལ་གཞིས་བྱེས་བོད་མིའི་འཐབ་རྩོད་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་རྒྱུ་ཆོད་སེམས་བརྟན་པོ་ཡོད། ཅེས་དང་། གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབོད་སྐུལ་ལ་དོ་སྣང་བྱས་ཏེ་བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་ཧོང་བོད་སྐྱོབ་ཚོགས་པའི་ཚོགས་མི་སྐུ་ཞབས་མཱ་ཀི་ནོ་སེ་ཤུ་ལགས་ཀྱིས་གསུང་དོན། ངས་ལོ་ངོ་བདུན་གོང་སྦར་སེལ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་སྐབས་ང་ལོ་བརྒྱ་བར་དུ་བསྡད་རྒྱུ་ཡིན་ཞེས་ཞུས་པ་ཡིན། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ངོས་རང་ལོ་ ༡༡༣ བར་འཚོ་རྒྱུ་ཡིན། ཞེས་ལན་འདེབས་སྩལ་གནང་བྱུང་། འགྲོ་བ་མིའི་བདེ་སྐྱིད་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༡༡༣ བར་དུ་བཞུགས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས། ཕྱོགས་མཚུངས་ཁོང་གིས་བོད་སྐྱོབ་ཚོགས་པའི་ངོས་ནས་བོད་མི་དང་། ཡུ་གུར་བ། སོག་རིགས། ཧོང་ཀོང་བ། ཐེ་ཝན་མི་རིགས་བཅས་དང་ལྷན་དུ་ཁོང་ཚོའི་རང་དབང་དང་དྲང་བདེན་སླར་གསོའི་ཆེད་དུ་མཉམ་ལས་བྱེད་རྒྱུ་ཡིན། ཞེས་གསུངས།
དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་ལྷོ་ཀོ་རི་ཡའི་ཚོགས་བཅར་བ་རྣམས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཉི་ཧོང་བོད་རིགས་ཚོགས་པའི་བསྟན་འཛིན་ཀུན་དགའ་ལགས་ཀྱིས་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུས་གནང་ཡོད། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཟུར་པ་མེ་ཧ་ར་སེ་ཇི་(Maihara Seiji) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འཕྲིན་གནང་བ་དེ་ཀི་ཊ་ཛ་ཝ་ཨན་རི་( MC Kitazawa Anri) ལགས་ཀྱིས་སྒྲོགས་སྦྱང་ཞུས་གནང་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་ཉི་ཧོང་བ་གླུ་པ་རྣམ་པས་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་བླངས་པའི་གཞས་ཁག་གཅིག་གཟིགས་འབུལ་ཞུས་ཡོད།
མཐར་ཉི་ཧོང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་བཅས།།