༄༅། །གྷལ་ཝན་ལུང་གཤོངས་ཀྱི་དོན་རྐྱེན་ཁྲོད་དཔའ་ངར་ཆེ་བའི་རྒྱ་གར་གྱི་དམག་མི་ ༢༠ ཡིས་རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་སླད་རྒྱ་ནག་དམར་ཤོག་གི་དམག་དཔུང་ལ་འགོག་རྒོལ་བྱེད་སྐབས་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བྱས་ཏེ་ལོ་གཅིག་འཁོར་བ་དང་བསྟུན། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་ཧིན་བོད་ས་མཚམས་སུ་ཚེ་སྲོག་ཤོར་པའི་རྒྱ་གར་གྱི་དམག་མི་རྒྱལ་གཅེས་དཔའ་བོ་རྣམས་ལ་ཆེ་བསྟོད་ཞུ་(Honouring the Martyrs of Indian Army at Indo-Tibet Border) ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཏེ་དཔའ་ངར་ལྡན་པའི་རྒྱ་གར་གྷལ་ཝན་གྱི་དམག་མི་རྣམས་ལ་དྲན་གསོ་ཞུས་ཡོད།དྲ་ཐོག་གི་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་ལ་དྭགས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཕུན་ཚོགས་ལགས་དང་། བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཞེས་པའི་རྒྱ་གར་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ནི་ལེནྡྲ་ཀུ་མར་ (Nilendra Kumar) ལགས། ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Shri Soumyadeep Datta ) ལགས། སློབ་དཔོན་ཝི་ཨན་ཊོ་ (Prof. V.Anto) ལགས་བཅས་མཉམ་ཞུགས་གནང་སྟེ་གསུང་བཤད་གནང་ཡོད།དེ་ཡང་ཚོགས་འདུའི་ཐོག་ལ་དྭགས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཕུན་ཚོགས་ལགས་ཀྱིས་དཔའ་ངར་ཆེ་བའི་རྒྱ་གར་གྱི་རྒྱལ་གཅེས་དཔའ་བོ་ ༢༠ ཡི་མཚན་འདོན་གནང་སྟེ་ཁོང་ཚོར་གུས་འདུད་ཞུས་པ་དང་སྦྲགས། ཁོང་ཚོས་རྒྱལ་ཁབ་སྲུབ་སྐྱོབ་སླད་རང་སྲོག་བློས་གཏོང་གནང་བར་ང་ཚོས་དུས་རྟག་ཏུ་དྲན་དགོས་ཞེས་དང་། གྷལ་ཝན་གྱི་དོན་རྐྱེན་དེ་ནི་དམག་འཁྲུག་ཙམ་མ་ཡིན་པར་དེ་ལས་ལྡོག་སྟེ། དེ་ནི་རྒྱ་ནག་དམར་ཤོག་དམག་མིའི་ཀླ་ཀློའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། ལྕགས་དབྱུག་དང་། ལྕགས་དྲ། ལྕགས་ཟེ། རྡོ་སོགས་སྤྱད་ནས་རྒྱ་གར་གྱི་མངའ་ཁོངས་སུ་བཙན་འཛུལ་བྱས་པ་ཞིག་ཡིན་ཞེས་གསུངས་པ་དང་སྦྲགས། རྒྱ་གར་གྱི་དམག་མིས་རྒྱལ་ཁབ་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་པ་ལས་རྒྱ་ནག་དམར་ཤོག་གིས་བསྟན་པ་ལྟར་ཕར་རྒོལ་བྱས་པ་ཞིག་མིན་སྐོར་གསུངས།དེ་བཞིན་སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་དམག་འཁྲུག་ནི་དཀའ་རྙོག་ཅིག་ཡིན་པ་ལས་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་མིན་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་བཞིན་གྲོས་མོལ་དང་ཞི་བའི་ཐབས་ལམ་གཞན་སྤྱོད་དགོས་སྐོར་སོགས་གསུངས།
དེ་རྗེས་སྐུ་ཞབས་ནི་ལེནྡྲ་ཀུ་མར་ལགས་ཀྱིས་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་གུས་འདུད་ཞུས་ཏེ། རྒྱ་དཀར་ནག་གཉིས་ཀྱི་གནས་སྟངས་ད་ལྟའང་ཡག་པོ་མེད། ཉེ་ལམ་རྒྱ་ནག་གཞུང་གིས་ཁྲིམས་ཤིག་གཏན་འབེབས་བྱས་ཏེ་རྒྱ་ནག་བཅིངས་འགྲོལ་དམག་མི་དང་དེའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱ་མི་ཆོག་པ་བཟོས་ཡོད་སྐོར་དང་། གྷལ་ཝན་དོན་རྐྱེད་དང་འབྲེལ་བའི་སྤྱི་ཚོགས་དྲ་རྒྱ་སོགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང། ཁོང་གིས་དེ་ནི་རྒྱ་ནག་བཅིངས་འགྲོལ་དམག་མིའི་སྐྱོན་ཆ་དག་ཁ་འགོག་ཐབས་ཆེད་ཡིན་པ་དང་། ད་ཆ་རྒྱ་ནག་ནང་འདོད་བློ་མི་ཁེངས་པ་ཇེ་མང་དུ་འགྲོ་བཞིན་ཡོད། ཅེས་གསུངས།དེ་རྗེས་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ལགས་ཀྱིས་གྷལ་ཝན་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་རྒྱལ་གཅེས་དམག་མི་གཙོས་པའི་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་སྐབས་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་གུས་འདུད་ཞུས་ཏེ་རྒྱ་གར་དང་བོད་དབར་ས་མཚམས་སྦྲེལ་ཡོད་པ་ལས་རྒྱ་ནག་དང་ས་མཚམས་སྦྲེལ་མེད་པ་དེ་རྒྱ་གར་མི་མང་གིས་ངེས་པར་དུ་ཤེས་དགོས། ང་ཚོས་བོད་ནི་ང་ཚོའི་ཁྱིམ་མཚེས་ཡིན་པ་ལས། རྒྱ་ནག་ང་ཚོའི་ཁྱིམ་མཚེས་ཡིན་པ་གཏན་ནས་ཁས་ལེན་གྱི་མེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ཞིག་ཡིན་པ་དང་། ད་ཆ་རྒྱ་ནག་གིས་རྒྱ་གར་བྱང་ཤར་ཁུལ་དུ་བཙན་བཟུང་བྱེད་རྩིས་བྱེད་ཀྱི་ཡོད་ཅེས་གསུངས།
དེ་བཞིན་ཁོང་གིས་བོད་ནས་འབབ་པའི་ཡར་ཀླུང་གཙང་པོའི་གལ་གནད་དང་། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབ་པ་དེས་རྒྱ་གར་བྱང་ཤར་ཁུལ་ཡོངས་ལ་གནོད་སྐྱོན་དང་ཉེན་ཚབས་ཆེན་པོ་ཆགས་ཡོད་སྐོར་དང་། ནང་པ་སངས་རྒྱས་པའི་ཆོས་ནི་རྒྱ་གར་ནས་དར་བའི་ཆོས་ལུགས་ཤིག་ཡིན་པ་དང་། དེ་བོད་ནང་ཉར་ཚགས་ཡག་པོ་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་གིས་བོད་གཏོར་བཤིག་གཏོང་བཞིན་ཡོད་པས་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རྒྱ་གར་ནང་ཉར་ཚགས་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་སོགས་གསུངས།
མཐའ་དོན་ཁོང་གིས་རྒྱ་ནག་བྱང་ཤར་ཁུལ་གྱི་མི་མང་དང་། ལྷག་པར་གཞུང་ཞབས་པ་རྣམས་ལ་བོད་དང་། རྒྱ་གར་ལ་བོད་ཀྱི་གལ་འགངས་རང་བཞིན། དེ་བཞིན་རྒྱ་ནག་གྱིས་བཅངས་པའི་དམིགས་ཡུལ་སོགས་ཀྱི་ཐད་གོ་རྟོགས་སྤེལ་དགོས་པའི་གལ་ཆེའི་རང་བཞིན་སྐོར་སོགས་གསུངས། དེ་བཞིན་སྐུ་ཞབས་ Prof. V. Anto ལགས་ཀྱིས་བོད་མིའི་སྒྲིག་འཛུགས་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་སྟེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་ཀྱང་གནང་ཡོད།
འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་སྟེ་ཚེ་སྲོག་ཤོར་བའི་རྒྱ་གར་གྷལ་ཝན་གྱི་རྒྱལ་གཅེས་དམག་མི་རྣམས་ལ་གུས་འདུད་ཞུས་ཡོད་པ་བཅས། །