༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༣༡ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་དྲ་ལམ་བརྒྱུད་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར་བའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གྲོགས་པོ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
བོད་དོན་སླད་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་གནང་མཁན་སྐུ་ཞབས་སུན་དར་ལལ་བྷ་ཧུ་གྷ་ན་ (Sunderlal Bahuguna) ལགས་དང་། སྐུ་ཞབས་ཌའོ་ཇི་གྷུབ་ཏ་ (Dr. Dauji Gupta) ལགས། སྐུ་ཞབས་པི་ཇི་ཇོ་ཏི་ཀར་ (P.G. Jyotikar) ལགས། སྐུ་ཞབས་བྷ་ཧུ་ཝ་ལོག་ཁན་ཌེ་ (Dr. Bhau Lokhande) ལགས། ཧ་རིཤ་ཨཏ་ཡལ་ཀར་ (Sh. Harish Adyalkar) ལགས། ཝི་མལ་ཀར་ཏི་ (Vimalkriti) ལགས། སྐུ་ཞབས་ན་རེ་ཤི་མ་ཐུར་ (Shri Naresh Mathur ) ལགས། སྐུ་ཞབས་ཇེ་ཨེམ་མུ་ཁི་ (J.M. Mukhi) ལགས། ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་ (Dr.Raghuvansh Prasad Singh) ལགས། སོ་ཝ་མི་ཨགྷ་ནི་ཝེ་ཤི་ (Swami Agnivesh) ལགས་བཅས་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད།དེ་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སློབ་དཔོན་སྐུ་ཞབས་ཨ་ནྣཏ་ཀུ་མར་ (Prof. Anand Kumar) ལགས་ཀྱིས་ཚོགས་འདུ་དབུ་འབྱེད་གནང་བ་དང་འབྲེལ་བོད་མིའི་རང་དབང་འཐབ་རྩོད་དོན་དུ་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ད་བར་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་བར་རྗེས་སུ་ཡི་རང་དང་། ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད།
སྐུ་ཞབས་མ་ནོ་ཇི་ཀུ་མཱར་ (Dr. Manoj Kumar) ལགས་ཀྱིས་འདས་གྲོངས་སུ་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྣམ་པའི་རླབས་ཆེ་བའི་སྐུ་ཚེའི་སྐོར་གསུང་བཤད་གནང་བ་དང་། ཁོང་རྣམ་པར་སྨོན་ལམ་གསོལ་འདེབས་ཞུས་གནང་ཡོད། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ནས་འདས་གྲོངས་སུ་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་རྗེས་དྲན་ཞུས་གནང་ཡོད།རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདས་གྲོངས་སུ་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པར་སྨོན་ལམ་གསོལ་འདེབས་ཞུས་ཡོད།
ཐེངས་འདིའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་འདུར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།