༄༅། །འདི་གར་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡ ནས་ ༥ བར་ཐེག་མཆོག་རྣམ་གྲོལ་གླིང་དང་། སེ་ར་སྨད། སེ་ར་བྱེས། ཆོས་སྡེ་བཀྲ་ཤིས་ལྷུན་པོ་བཅས་སུ་མཻ་སུར་ཨེ་པཽ་ལོ་སྨན་ཁང་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཁབ་རྒྱག་མཁན་ཆེད་འབོད་ཀྱིས་སྦེལ་ཀོབ་གཞིས་ཆགས་ཀྱི་རང་ལོ་ ༡༨ ནས་ ༤༤ བར་གྱི་སེར་སྐྱ་མི་མང་རྣམས་ལ་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།
དེ་ཡང་དགེ་འདུན་པ་རྣམས་ཀྱི་སྨན་ཁབ་འགྲོ་གྲོན་དགོན་སྡེ་ཁག་ཁུངས་སོ་སོ་ནས་བཏང་བ་མ་ཟད། ཐེག་མཆོག་རྣམ་གྲོལ་གླིང་དགོན་པས་ལུགས་བདེ་གཉིས་ཀྱི་གཞིས་གྲོང་ཁག་ ༢༢ ནང་གནས་སྡོད་མི་མང་གྲངས་ ༡༧༠༠ ཙམ་དང་། ཆོས་སྡེ་བཀྲ་ཤིས་ལྷུན་པོས་བདེ་སླར་གཞིས་གྲོང་ ༡༤ མི་གྲངས་ ༣༥ དང་། འབྲི་གུང་བཀའ་དགོན་གྱི་དགེ་འདུན་པ་ཞལ་གྲངས་ ༨༢ བཅས་ཀྱི་སྨན་ཁབ་འགྲོ་གྲོན་སྨན་སྦྱིན་དུ་མཐུན་འགྱུར་གནང་ཡོད།གོང་གསལ་སྨན་སྦྱིན་ཆེད་ཐེག་མཆོག་རྣམ་གྲོལ་གླིང་ནས་མི་མང་རང་གི་དོན་དུ་ཧིན་སྒོར་ ༡༧,༠༠,༠༠༠ དང་། ཆོས་སྡེ་བཀྲ་ཤིས་ལྷུན་པོས་ཧིན་སྒོར་ ༡༡༧,༠༠༠ མཐུན་འགྱུར་ནར་གཏོང་གནང་ཡོད།
དེ་བཞིན་རྣམ་གྲོལ་གླིང་དུ་བསྡོམས་སེར་སྐྱ་མི་གྲངས་ ༣༡༠༠ དང་། ཆོས་སྡེ་བཀྲ་ཤིས་ལྷུན་པོར་སེར་སྐྱ་མི་མང་གྲངས་ ༣༣༦ ། སེ་ར་བྱེས་སྨད་གཉིས་སུ་དགེ་འདུན་པ་སོགས་ཞལ་གྲངས་ ༢༠༠༣། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་། བདེ་སྐྱིད་སླར་གསོ་གཞིས་ཆགས་བཅས་ཀྱི་རང་ལོ་ ༡༨ ནས་ ༤༤ བར་གྱི་མི་འབོར་ཞལ་གྲངས་ཁྱོན་བསྡོམས་ ༥༤༣༩ ཙམ་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།
དེ་སྔོན་རང་ལོ་ ༤༥ ཡན་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་སྐབས་ཀྱང་དགོན་སྡེ་ཁག་སོ་སོ་ནས་འགྲོ་གྲོན་ནར་གཏོང་གནང་བ་མ་ཟད། ལུགས་བསམ་མཉམ་འབྲེལ་ནས་ལུགས་བསམ་མི་མང་ ༥༥༠ འབབ་ཀྱི་ཁབ་རིན་ཧིན་སྒོར་ ༨༢,༥༠༠ དང་། ཆོས་སྡེ་བཀྲིས་ལྷུན་པོས་བདེ་སླར་མི་མང་ ༢༨༦ གི་ཁབ་རིན་ཧིན་སྒོར་ ༤༢,༩༠༠ ནར་གཏོང་མཐུན་འགྱུར་གནང་ཡོད་པ་བཅས། །