༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་ཀི་ན་ཀུ་རེལ་སུ་ཀ་ (Uknaa Kurelsukh) མཆོག་སོག་པོའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཕྱི་ལོ་ ༡༩༧༩ ལོར་ངོས་རང་ཐེངས་དང་པོ་སོག་པོར་སླེབས་པའི་སྐབས་ཀྱི་དགའ་ཚོར་དྲན་བཞིན་ཡོད།
ངོས་ཀྱིས་འགྲོ་བ་མིའི་རིན་ཐང་དང་། དེ་བཞིན་ནང་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་རབས་ཤེས་ཡོན་ཟུང་འབྲེལ་གོང་མཐོར་གཏོང་བཞིན་པའི་ཐད་ལ་སོག་པོའི་རྒན་གཞོན་ཕོ་མོ་ཡོངས་ནས་དགའ་མོས་དང་འབད་བརྩོན་གནང་སྟབས་ངོས་རང་ལ་སེམས་ཤུགས་བསྐྱེད་བྱུང་། ལོ་རྒྱུས་ཀྱི་ཐོག་ནས་སོག་པོའི་མི་མང་དང་བོད་མི་ཚོ་མཚེ་མ་ལྟ་བུའི་ངང་གནས་ཡོད།
༧རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་བཟུང་༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་རྣམས་སོག་པོ་མི་མང་དང་ཐུན་མོང་མིན་པའི་འབྲེལ་བ་ཉེ་པོ་ཡོད། ངོས་རང་སོག་པོ་ལུང་པར་སླེབས་པའི་སྐབས་བཤད་པ་ནང་བཞིན་རེད། སོག་པོའི་ལུང་པར་ཆོས་ལུགས་གཞན་མང་པོ་ཡོད་ནའང་ལོ་རྒྱུས་ཐོག་ནས་ནང་ཆོས་ཀྱིས་སོག་པོ་མི་མང་གི་ཆོས་སེམས་དང་། ངོ་བོ། རིག་གཞུང་བཅས་བཟོ་ལྟ་བཟོས་ཡོད། ནང་པ་སངས་རྒྱས་པའི་གཞུང་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་བརྩེ་དང་འཚེ་བ་མེད་པའི་སྐོར་གཙོ་བོར་གསུང་གི་ཡོད།
བྱམས་བརྩེ་དང་འཚེ་བ་མེད་པས་མི་གང་ཟག་སྒེར་སོ་སོའི་ཆོས་དད་ལ་འགལ་ཟླ་མེད་པར་ཕན་གྱི་ཡོད། ངོས་ཀྱིས་སྐུ་ཉིད་དང་སྐུ་ཉིད་ཀྱི་གཞུང་གིས་དེ་ལྟ་བུའི་རིན་ཐང་མུ་མཐུད་ཉར་ཚགས་དང་རྒྱབ་སྐྱོར་གནང་བའི་རེ་བ་བྱེད་ཀྱི་ཡོད། དེང་སང་སོག་པོའི་ནང་ཕྱི་དངོས་པོའི་ཐད་ནས་ཡར་རྒྱས་སེམས་འགུལ་ཐེབས་པ་བྱུང་ཡོད། དེར་རྗེས་སུ་ཡི་རང་ཞུ་གི་ཡོད།
ཕྱི་དངོས་པོའི་ཡར་རྒྱས་དེས་ཏན་ཏན་སོག་པོ་མི་མང་དཀྱུས་མ་རྣམས་ཀྱི་འཚོ་བ་འཕེལ་རྒྱས་སུ་གཏོང་ཐུབ་ངེས་ཡིན་པའི་ངོས་ལ་གདེང་ཚོད་ཡོད། བདམས་ཐོན་སྲིད་འཛིན་མཆོག་གིས་སོག་པོ་མི་མང་གི་རེ་བ་དང་མངོན་འདོད་བསྐང་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུང་འཕྲིན་སྩལ།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།