༄༅། །བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ཟླ་ཚེས་ ༢༨ དང་། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༨ རེས་གཟའ་མིག་དམར་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ སྟེང་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས་མཆོག བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་བཅས་སྲོང་བཙན་ཚོམས་ཆེན་དུ་བཞུགས་གྲལ་ལ་འཁོད་བསྟུན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་གནང་།
དེ་ནས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་རྟེན་དོད་ཕུལ་བསྟུན། བར་བརྒལ་ཚོགས་གཙོར་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་གནང་།
མཐར་རྟེན་འབྲེལ་མཚོད་བྱེད་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་དམ་འབུལ་གྱི་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།།