༄༅། །ཉེ་ལམ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཨ་རིའི་རོགས་ཚོགས་ (PRM) ཀྱི་རྒྱབ་སྐྱོར་འོག་བོད་མིའི་སེམས་ཁམས་འཕྲོད་བསྟེན་དང་ཟུང་འབྲེལ་ཐོག་སེམས་མྱོང་ཀྱི་འཕྲོད་བསྟེན་སྐོར་ན་གཞོན་གྱི་གྲོས་བསྡུར་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ལས་རིམ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༥ ནས་ཟླ་ ༦ བར་ཚོགས་ཡོད་པ་དང་། ད་ལྟའི་བར་གྲོས་བསྡུར་ཐེངས་དྲུག་གནང་ཡོད། གྲོས་བསྡུར་གྱི་བརྗོད་བྱ་གཙོ་བོ་ནི། ཏོག་དབྱིབས་གཉན་རིམས་ཀྱི་དུས་སྐབས་སུ་སེམས་ངལ་དང་སེམས་འཚབ་ལ་ཇི་ལྟར་གདོང་ལེན་བྱ་ཚུལ་དང་། Emotional Intelligence Depression and Bipolar Disorder: Stigma and Cultural Beliefs, Trauma and Resilience, Mindfulness and Meditation, Understanding healthy and unhealthy relationships བཅས་ཀྱི་སྐོར་ཡིན།
ལས་རིམ་དེ་བཞིན་བོད་མིའི་སྒྲོག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སློབ་སྟོན་རོགས་རམ་པ་འབུམ་རམས་པ་ཀུན་དགའ་ནོར་འཛོམས་ལགས་དང་། བོད་མིའི་སེམས་ཁམས་འཕྲོད་བསྟེན། གདན་ས་ཆེན་པོ་སེ་ར་བྱེས་ཀྱི་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས་བཅས་ཀྱིས་སྣེ་ཁྲིད་གནང་ཡོད། ལས་རིམ་དེ་བརྒྱུད་སེམས་མྱོང་ཐད་གོ་རྟོགས་དང་། བདེ་ཐང་ཐད་གདོང་ལེན་བྱེད་སྟངས། རོགས་རམ་ཐོབ་ཐབས་བཅས་ཀྱི་ཐོག་གསལ་སྟོན་གནང་ཡོད། གཞན་ཡང་ལུས་སེམས་གཉིས་ཀྱི་བདེ་ཐང་དབར་གྱི་འབྲེལ་བ་ཐོག་ཡང་ཡང་གྲོས་བསྡུར་དང་། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་སེམས་ཁམས་ན་ཚས་སྡུག་བསྔལ་མྱོང་བཞིན་པའི་ཐད་སྐད་ཆ་བཤད་སྟངས་ཀྱི་གལ་ཆེའི་རང་བཞིན་སོགས་གླེང་ཡོད།
ལས་རིམ་དེའི་ཐོག་སློབ་གྲྭ་དང་། མཐོ་སློབ་ཏུ་བསྐྱོད་བཞིན་པ། དགེ་རྒན། གཞན་ཡང་གཞོན་སྐྱེས་བཅས་ཁྱོན་མི་གྲངས་ ༣༥ ལྷག་མཉམ་ཞུགས་གནང་ཡོད།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ལས་རིམ་དེ་བཞིན་ཚགས་ཚུད་ངང་ལེགས་གྲུབ་བྱུང་བར་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ད་ལན་གྱི་ལས་རིམ་འདི་ཚོགས་ཐུབ་པར་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་པ་གཉིས་དང་། ཨ་རིའི་རོགས་ཚོགས་ (PRM) བཅས་ལ་ཐུགས་རྗེ་ཞུས་ཡོད་པ་བཅས། །