༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༣༡ ནས་ཟླ་ ༦ ཚེས་ ༡༨ བར་སུད་སིའི་དབྱར་དུས་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་བསྟུན་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་འབྱུང་འགྱུར་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་ཚོགས་འདུ་ཞིག་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཕེ་བྷི་ཡེན་མོ་ལི་ནཱ་ (Fabian Molina) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicholas Walder) མཆོག སྐུ་ཞབས་ (Nik Gugger) མཆོག དེ་བཞིན་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Christine Badertscher) མཆོག་དང་། སྐུ་ཞབས་པྲི་ཀ་བྷི་ཡ་རེ་ཧེ་མོ་ (Prisca Birrer-Heimo) མཆོག སྐུ་ཞབས་མར་ཌི་ན་མུན་ཛི་ (Martina Munz) མཆོག སྐུ་ཞབས་ (Marianne Streiff-Feller) མཆོག་བཅས་མཉམ་ཞུགས་གནང་ཡོད།གཞན་ཡང་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Büchli) ལགས། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ལགས་བཅས་ཀྱང་ཚོགས་འདུའི་ཐོག་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་སུད་སིའི་ནང་གི་བཙན་བྱོལ་བོད་མི་ཚོར་སྐྱབས་བཅོལ་གྱི་ཡིག་ཆ་མེད་པའི་དཀའ་ངལ་གནས་སྟངས་དང་། བོད་ནང་གི་སྤྱི་ཡོངས་གནས་སྟངས་སོགས་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐད་གྲོས་བསྡུར་གནང་ཡོད་པ་དང་། སུད་སིའི་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དང་བོད་མིར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ཁས་ལེན་གནང་ཡོད།
ཚོགས་འདུ་གྲོལ་རྗེས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་ཏུ་ཕྱི་ལོ་ ༢༠༢༢ ལོར་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ཞུ་སྙན་ཐོག་མཚན་རྟགས་བཀོད་ཡོད། སྙན་ཞུའི་ནང་སུད་སི་གཞུང་གིས་གཞུང་འབྲེལ་ཐོག་རིང་མིན་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་མཚོན་བྱེད་དུ་མཉམ་ཞུགས་མི་གནང་བའི་རེ་འབོད་ཞུས་གནང་ཡོད་པ་འཁོད་ཡོད།
ཐེངས་འདིའི་སྙན་ཞུའི་ལས་འགུལ་དེ་ནི་སུད་བོད་མཛའ་འབྲེལ་ཚོགས་པ་དང་། ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས། སུད་སིའི་བུད་མེད་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས། འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་བཅས་མཉམ་རུབ་ཐོག་སྤེལ་བ་ཞིག་ཡིན་པ་བཅས། །