༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༧ པ་འཚོགས་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢ ཉིན་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་དྲ་རྒྱ་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐབ་ཐང་གནས་སྟངས་ཐོག་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་གཏན་ཁེལ་ཡོད།
དེ་ཡང་དྲ་ཐོག་གི་བགྲོ་གླེང་དེ་བཞིན་རྒྱ་གར་གྱི་ཕྱི་དྲོ་ཚོུད་ ༦།༣༠ ནས་ ༧།༣༠ བར་དང་། ནིའུ་ཡོག་གི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར། ཇི་ནི་ཝའི་ཕྱི་དྲོ་ཚོུད་ ༣ ནས་ ༤ བར་སུད་སི་སྐུ་ཚབ་དོན་ཁང་གི་ངོ་དེབ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་དང་། དྲ་ཐོག་གི་བགྲོ་གླེང་གཟིགས་མཁན་རྣམས་ནས་སུད་སི་སྐུ་ཚབ་དོན་ཁང་གི་ངོ་དེབ་བརྒྱུད་དྲི་བ་གཏོང་ཆོག་གི་ཡོད།
ཐེངས་འདིའི་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ (Mr. Vincent Metten) ལགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ་བསྟན་འཛིན་ཟླ་བ་ལགས། རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས། (Unrepresented Nations and Peoples Organization) ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ (Ralph Bunche) ལགས་བཅས་ཡིན།
གསུང་བཤད་པ་རྣམས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་དང་། གཙོ་བོ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༧ པ་འཚོགས་བཞིན་པ་དང་འབྲེལ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་དོ་སྣང་བྱེད་དགོས་པའི་གནད་དོན་ཐད་གསུང་བཤད་གནང་རྒྱུ་ཡིན།
སྐབས་དེར་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ལགས་ཀྱིས་བོད་ནང་སྨྲ་བརྗོད་རང་དབང་དང་། ཞི་བདེའི་ངང་འདུ་འཛོམས་ཀྱི་རང་དབང་བཅས་རྩིས་མེད་རྡོག་རོལ་གཏོང་བཞིནཔའི་ཐོག་གསུང་བཤད་དང་། བསྟན་འཛིན་ཟླ་བ་ལགས་ཀྱིས་དོགས་སྲུང་བྱ་རའི་སྐོར་དང་བོད་ནང་སྒེར་གྱི་གསང་དོན་རང་དབང་ (Right to privacy) རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར། སྐུ་ཞབས་ (Ralph Bunche) ལགས་ཀྱིས་རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས་ཀྱི་སྙན་ཐོ་གསར་ཤོས་ (Compromised spaces series vis-a-vis Tibet) ཞེས་པའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས། །