༄༅། །ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ཁེ་པུ་ཊོན་ (Cape Town) ནང་རྟེན་གཞི་བྱས་པའི་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ (Inkatha Freedom Party) འགན་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ (Prince Mangosuthu Buthelezi) མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༣༡ ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དམ་འབུལ་ཞུས་གནང་བར། ངས་དགའ་སྤྲོའི་ངང་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༠༩ ལོར་སྐུ་ཉིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་ང་ཚོ་རོམ་ (Rome) དུ་མཇལ་འཕྲད་བྱུང་། ངའི་སློབ་སྟོན་པ་མཱ་རིའོ་ཨོ་རི་ཡན་ཨམ་བྷོ་རོ་སི་ནི་ (Mario Oriani-Ambrosini) མཆོག་ནད་ཀྱིས་མནར་བཞིན་པའི་སྐབས་སྐུ་ཉིད་ཀྱིས་ཁོང་ལ་སྨན་བསྐུར་ཏེ་རྒྱབ་སྐྱོར་གནང་ཡོད།
སྐུ་ཉིད་ཀྱིས་ངའི་སློབ་སྟོན་པར་བཅིངས་པའི་བརྩེ་སེམས་དེ་ངས་ནམ་ཡང་བརྗེད་མི་སྲིད། ངའི་སློབ་སྟོན་པ་འདས་གྲོངས་སུ་གྱུར་རྗེས་སྐུ་ཉིད་ཀྱིས་ཁོང་གི་ནང་མི་དང་ཕྲན་རང་ཉིད་ལ་སེམས་གསོ་གནང་བ་དེས་སེམས་ལ་སྤྲོ་སྣང་སྦྱིན་བྱུང་། སྐུ་ཉིད་ཀྱི་ལས་དོན་ཁག་ལ་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་རྒྱབ་སྐྱོར་ཞུ་ཐུབ་ངེས་ཡིན།
ལོ་ཤས་གོང་ཨིན་ཀ་ཐཱ་ཆབ་སྲིད་ཚོགས་པས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་དང་། གྲོས་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་མགྲོན་འབོད་ཞུས་ཡོད་པ་དང་། དེ་བཞིན་ན་ནིང་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་པདྨ་འབྱུང་གནས་མཆོག་ཀྱང་མགྲོན་འབོད་ཞུས་ཡོད།
རྗེས་མ་སྐུ་ཉིད་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་དུ་ཕེབས་ཐུབ་པ་གནང་རོགས། ཞེས་གསུངས། །