༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་གྲངས་བཅུ་གཉིས་ཀྱིས་ཧ་ཅང་ཐུགས་འཚབ་ཆེན་པོའི་སྒོ་ནས་རྒྱ་ནག་གིས་བཙོན་འོག་ཏུ་ཡོད་པའི་བོད་པ་དང་། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། ཡུ་གུར་མི་རིགས། ཁ་ཆེ། ཡི་ཤུ་བཅས་དམིགས་སུ་བཀར་ཏེ་ཁོང་ཚོའི་འདོད་མོས་མེད་བཞིན་དུ་ནང་ཁྲོལ་བཏོན་པའི་སྐོར་ཡིད་བརྟན་འཕེར་བའི་གནས་ཚུལ་འབྱོར་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་ན། རྒྱ་ནག་གི་བཙོན་ཁང་ནང་བོད་པ་དང་། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། ཡུ་གུར་མི་རིགས། ཁ་ཆེ། ཡི་ཤུ་པ་རྣམས་ལ་འདོད་མོས་མེད་བཞིན་དུ་བཙན་དབང་གིས་ཁྲག་དང་ནང་ཁྲོལ་སོགས་གློག་པར་རིགས་བརྒྱུད་བརྟག་དཔྱད་བྱེད་དུ་འཇུག་གི་ཡོད་པ་དང་། བཙོན་པ་གཞན་རྣམས་ལ་དེ་ལྟར་བརྟག་དཔྱད་བྱེད་དུ་འཇུག་གི་མེད་པའི་སྐོར་གསུངས་ཡོད།
རྒྱ་ནག་གིས་རྒྱུ་མཚན་གང་ཡིན་འགྲེལ་བཤད་རྒྱག་རྒྱུ་མེད་པར་ས་གནས་འདྲ་མིན་ནས་གྲངས་ཉུང་མི་རིགས་རྣམས་དམིགས་སུ་བཀར་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཏེ་ནང་ཁྲོལ་བཏོན་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་དང་ཆོས་ལུགས་དད་མོས་གཞིར་བཞག་ཐོག་དབྱེ་འབྱེད་བྱེད་བཞིན་ཡོད་སྟབས། ཁོང་ཚོས་ཧ་ཅང་ཐུགས་འཚབ་བྱེད་བཞིན་ཡོད། ཅེས་གསུངས།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་རྣམས་ལ་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། རྒྱ་ནག་གི་བཙོན་ཁང་ནང་གཤག་བཅོས་ཆེད་ལས་སྨན་པ་དང་། སྦྲིད་སྨན་ཆེད་ལས་པ། གཞན་ཡང་སྨན་ཐོག་ཁྱད་མཁས་པ་སོགས་ནས་གྲངས་ཉུང་མི་རིགས་བཙོན་པ་རྣམས་ཀྱི་ནང་ཁྲོལ་སྙིང་དང་། མཁལ་མ། མཆིན་པ། མིག་སྐྱི་བཅས་བཏོན་ཡོད་པ་ནི་གཅིག་གྱུར་ཆགས་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་རྣམས་ཀྱིས་གནད་དོན་དེའི་སྐོར་ཕྱི་ལོ་༢༠༠༦ དང་ ༢༠༠༧ ལོར་རྒྱ་ནག་གཞུང་ལ་གླེང་སློང་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་ད་བར་ལན་འདེབས་ཁ་གསལ་ཞིག་ཕུལ་མེད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་རྒྱ་ནག་གི་བཙོན་ཁང་ནང་ནང་ཁྲོལ་བཏོན་པའི་གནད་དོན་སྐོར་ལན་འདེབས་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རང་དབང་རྟོག་ཞིབ་ཚོགས་ཆུང་ཞིག་རྒྱ་ནག་ལ་ཡོང་འཇུག་དགོས་པའི་འབོད་སྐུལ་གནང་ཡོད། ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་རྒྱ་ནག་ཆེད་བཙུགས་ཁྲིམས་ཞིབ་ཁང་ (The China Tribunal) གིས་རྒྱ་ནག་གིས་བཙོན་ཁང་ནང་བོད་པ་དང་། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། ཡུ་གུར་མི་རིགས། ཁ་ཆེ། ཡི་ཤུ་པ་རྣམས་ཀྱི་ནང་ཁྲོལ་བཏོན་ཡོད་པའི་སྐོར་ཤོག་གྲངས་ ༥༦༢ ཅན་གྱི་དཔང་རྟགས་ཁུངས་བཙན་ལྡན་པའི་སྙན་ཐོ་བཏོན་པ་མ་ཟད། རྒྱ་ནག་གི་བཀག་ཉར་ཁང་དུ་གནས་ཚུལ་ཁ་གསལ་མེད་པར་བོད་མི་འདས་གྲོངས་སུ་གྱུར་བ་དེ་དག་གི་ནང་ཁྲོལ་བཏོན་ཡོད་པའི་སྐོར་བརྗོད་ཡོད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་རྣམས་ཀྱིས་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་སྤེལ་བར་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་དགའ་བསུ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའིི་ཐོབ་ཐང་ཁྱད་མཁས་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་རྟོག་ཞིབ་ཚོགས་ཆུང་ཞིག་རྒྱ་ནག་ལ་ཡོང་འཇུག་དགོས་པའི་འབོད་སྐུལ་གནང་བ་དེ་རྒྱ་ནག་གིས་བརྩི་སྲུང་དང་ལེན་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།