༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༥ ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ལམ་བརྒྱུད་ཆུ་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་གཙོ་བོར་དམིགས་ཏེ་ཚོགས་འདུ་ཚོགས་ཡོད།
དེ་ཡང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ཧིན་དུའི་བླ་ཆེན་( Swami Chidanand Saraswati ) མཆོག་གིས་ཉེ་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ནད་པ་རྣམས་ལ་སྲོག་རླུང་མ་འདང་བའི་དཀའ་ངལ་འཕྲད་པ་དང་འབྲེལ་ནས་གསུང་དོན།རང་བྱུང་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་མ་བྱས་ཚེ་ང་ཚོར་མུ་མཐུད་སྲོག་རླུང་གི་དཀའ་ངལ་འཕྲད་རྒྱུ་ཡིན། ས་ཕྱོགས་གང་ས་ནས་ཤིང་ནགས་སྟོང་ཟད་དུ་འགྲོ་བཞིན་ཡོད་པས་མང་ཚོགས་ཀྱིས་ལྗོན་ཤིང་གང་མང་འདེབས་འཛུགས་གནང་དགོས་པ་སོགས་ཀྱི་སྐོར་གསུངས།དེ་བཞིན་མཧ་རཱཤཀྲ་ (Maharashtra) མངའ་སྡེའི་འབབ་ཁྲལ་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་པཱ་ཏཱན་ཇཱ་ལི་ཇ་ (Patanjali Jha) ལགས་ཀྱིས་ལྗོན་ཤིང་འདེབས་འཛུགས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས། གཞན་ཡང་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་ (Uttarakhand) མངའ་སྡེ་གཞུང་གི་སློན་སྟོན་པ་གཙོ་བོ་རཱ་གྷུ་ཝིར་སིངྒ་རཱ་ཝཱཏ་ (Raghuvir Singh Rawat) ལགས་ཀྱིས་རྫས་འགྱུར་སོ་ནམ་ལས་སྐྱེ་ལྡན་སོ་ནམ་ཀྱི་ཁ་ཕྱོགས་སུ་བསྒྱུར་ཐབས་བྱེད་དགོས་པའི་གལ་གནད་དང་། ཤི་ནགས་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བྷ་དུ་རི་ཡ་ (N.P.S. Bhaduria) ལགས་ཀྱིས་རང་བྱུང་གོད་ཆག་དང་། ས་ཞིང་སྐམ་པོ་ཆགས་པ། ཆུ་ལོག་སོགས་འབྱུང་བཞིན་ཡོད་སྟབས་ཆུ་དང་། ཤིང་ནགས། ས་ཞིང་སོགས་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས། ཕྱོགས་མཚུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་ནག་གིས་བོད་མཐོ་སྒང་དུ་གློག་གི་ཆུ་མཛོད་མང་པོ་བརྒྱབ་པར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཐེབས་བཞིན་པ་སོགས་ཀྱི་སྐོར་གསུངས།ར་ཧུལ་ཊོ་མཱར་ (Dr. Rahul Tomar) ལགས་ཀྱིས་དྲ་ཐོག་གི་ཚོགས་འདུ་དགོས་མཁོའི་གལ་གནད་སྐོར་གསུངས། ཐེངས་འདིའི་དྲ་ཐོག་གི་ཚོགས་འདུའི་སྟེང་མི་གྲངས་ ༢༠༠ ལྷག་མཉམ་ཞུགས་གནང་ཡོད། ཨ་ཤུ་ཏོ་ཤི་གྷུབ་ཏཱ་ ( Sh Ashutosh Gupta) ལགས་དང་ཝི་ཇེ་མཱན་ (Vijay Maan) ལགས་རྣམ་གཉིས་ཀྱིས་དྲ་ཐོག་གི་ཚོགས་འདུ་ལས་རིམ་སླད་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།