༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༩ ཉིན་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སེམས་དང་སྲོག་གི་སྡེ་ཚན་གྱི་ཚོགས་མི་པཱིར་ལུའི་ཇི་ལུའི་སཱེ་ (Pier Luigi Luisi) ལགས་དང་། ཨི་མེ་ཀོ་ཧན་ཝ་རེ་ལཱ་ (Amy Cohen Varela) ལགས། ཨེ་ལེན་ནཱ་ཨན་ཏོ་ནོ་ཝ་ (Elena Antonova) ལགས། སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་བཅས་དང་ལྷན་དུ་ཧྥ་རཱན་སི་སའེ་ཁོ་ཝ་རེ་ལཱ་ (Francisco Varela) ལ་རྗེས་དྲན་དང་འབྲེལ་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་གནང་ཡོད།དེ་ཡང་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པའི་རྒྱུན་ལས་ལས་འཛིན་པ་གྷོ་བྷར་ཀཱར་སའེ་ (Gabor Karsai) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ཚོར་འཚམས་འདྲི་དང་། བགྲོ་གླེང་འདི་ནི་ཧྥ་རཱན་སི་སའེ་ཁོ་ཝ་རེ་ལཱ་ལགས་ཀྱི་རྗེས་དྲན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༨ ཉིན་ཧྥ་རཱན་སི་སའེ་ཁོ་ཝ་རེ་ལཱ་ལགས་ཀྱིས་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པ་འདི་བཙུགས་པ། ཁོང་གི་རྗེས་དྲན་མཚོན་ཆེད་ཚོགས་འདུ་མང་པོ་ཞིག་ཚོགས་པའི་ནང་གི་གཅིག་འདི་ཆགས་ཀྱི་ཡོད། ༸གོང་ས་མཆོག་ནི་ཧྥ་རཱན་སི་སའེ་ཁོ་ཝ་རེ་ལཱ་ལགས་ཀྱི་གྲོགས་པོ་ཉེ་པོ་ཞིག་ཆགས་ཀྱི་ཡོད། ཅེས་སོགས་དང་འབྲེལ་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་རྣམས་ངོ་སྤྲོད་ཞུས།དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རཱན་སི་སའེ་ཁོ་ཝ་རེ་ལཱ་ལགས་རྣམ་གཉིས་མཇལ་འཕྲད་སྐབས་ཀྱི་སྐུ་པར་སྤྱན་འབུལ་ཞུས་གྲུབ་མཚམས་ཡུ་རོབ་སེམས་དང་སྲོག་གི་སྡེ་ཚན་གྱི་ཚོགས་མི་པཱིར་ལུའི་ཇི་ལུའི་སཱེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མཇལ་ཁ་ཞུས་པའི་གནས་ཚུལ་སོགས་ཕྱིར་དྲན་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རཱན་སི་སའེ་ཁོ་ཝ་རེ་ལཱ་ལགས་རྣམ་གཉིས་གྲོགས་འདྲིས་ཡོང་བའི་རྒྱུ་རྐྱེན་གང་ཡིན་སྐོར་ལ་དྲི་བ་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ལོ་ཧ་ཅང་ཆུང་ཆུང་སྐབས་ནས་འཕྲུལ་ཆས་ཀྱི་རིགས་ལ་དམིགས་བསལ་དོ་སྣང་ཆེན་པོ་ཡོང་གི་ཡོད། དེ་དུས་སྐུ་ཕྲེང་བཅུ་གསུམ་པའི་གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་ཆས་ཤིག་ཡོད་པ་དེའི་གློག་རྫས་ཀྱིས་གློག་ཇི་ལྟར་སྤྲོད་ཀྱི་ཡོད་པའི་སྐོར་ལ་དོ་སྣང་བྱེད་སྐབས་འཁོར་ལོ་དེ་འཁོར་ནས་གློག་ནུས་སྤྲོད་བཞིན་པ་ཤེས་རྟོགས་བྱུང་བས་ཡིད་འཕྲོག་པ་ཞིག་བྱུང་།
ནང་པའི་ལྟ་གྲུབ་སྐོར་ལ་ཆུང་དུས་ནས་སློབ་སྦྱོང་ཤུགས་ཆེན་པོ་བྱས་པ་རེད། ཝ་རེ་ལཱ་ལགས་ཐོག་མར་མཇལ་བའི་སྐབས་སུ་ཕྱོགས་གཅིག་ནས་ཁོང་ཚན་རིག་པ་ཡིན། ཚན་རིག་པ་ཡིན་པ་ཙམ་དུ་མ་ཟད་ཕྱོགས་གཞན་ཞིག་ནས་ནང་ཆོས་ལ་དགའ་སྣང་ཡོད་པ་ཞིག་རེད། བཀའ་མོལ་ཞུ་པའི་སྐབས་སུ་བརྗོད་གཞི་ནང་ཆོས་དང་འབྲེལ་བ་ཡིན་ན་ནང་པའི་ཞྭ་མོ་གོན་ནས་ཞུ་རྒྱུ་ཡིན་ཞེས་ནང་པའི་སྐོར་གསུངས་པ་དང་། ཚན་རིག་གི་སྐོར་བཤད་པའི་སྐབས་སུ་ད་ངས་ཚན་རིག་གི་ཞྭ་མོ་གོན་ནས་ཞུ་རྒྱུ་ཡིན་ཞེས་ཚན་རིག་དང་འབྲེལ་བའི་བཀའ་མོལ་གསུངས་ཀྱི་རེད།སྐབས་དེ་དུས་ནས་དམིགས་བསལ་དོ་སྣང་བྱུང་བ་ཞིག་ལ་ཁོང་ནི་ནང་ཆོས་ལ་དོ་སྣང་ཡོད་པ་དང་། ཚན་རིག་གི་ཤེས་ཡོན་ཆེན་པོ་ཡོད་པས་ངོས་རང་ལ་དགོས་མཁོ་ཡོད་པ་ནི་ཁོང་ལྟ་བུ་རེད་བསམ་པ་དྲན་སོང་། ཁོང་གིས་དེ་དུས་རྒྱུན་ལྡན་གྱི་འཚོ་བ་ཚན་རིག་པ་བྱས་ནས་བསྐྱལ་གྱི་ཡོད། ངེད་གཉིས་ངོ་ཤེས་པ་ཐོག་མ་དེ་ལྟར་འགོ་བཙུགས་པ་རེད། ངོས་ཀྱིས་ཁོང་གི་ལད་ཟློས་བྱས་ཏེ་ནང་པའི་བཀའ་མོལ་ཞུ་དུས་ནང་པའི་ཞྭ་མོ་གྱོན་གྱི་ཡིན་ཞེས་བརྗོད་བཞིན་ཡོད། སེམས་ཁམས་དང་འབྲེལ་བའི་ཚན་རིག་གི་སྐོར་བཤད་སྐབས་ཚན་རིག་གི་ཞྭ་མོ་གྱོན་གྱི་ཡིན་ཞེས་བརྗོད་བཞིན་ཡོད། སེམས་ཁམས་དང་འབྲེལ་བའི་ཚན་རིག་གི་ཞྭ་མོ་དེ་ཞྭ་མོ་མཐུག་པོ་ཞིག་ཆགས་ཡོད།
ཁོང་ནི་ངོས་ཀྱིས་ངོ་ཤེས་པའི་ཚན་རིག་པའི་ནང་ནས་ཡིད་འཕྲོག་པ་ཞིག་ཆགས་ཡོད། ཁོང་གི་སྐུ་པར་འདི་ངོས་ཀྱིས་ནམ་རྒྱུན་སྡོད་ཁང་དུ་ཉར་བཞིན་པ་ཡིན། ང་ཚོ་ནང་པའི་ངོས་ནས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་ཅེས་ཚེ་འཕོས་པ་ཡིན་ནའང་མེད་པ་ཆགས་ཀྱི་ཡོད་པ་མ་རེད། སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་བའི་ཆོས་ཇི་འདྲ་ཞིག་ཡིན་ནའང་རྒྱུན་གནས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོའི་ཀླད་པ་འདི་ནི་སྤྱང་པོ་གྲུང་པོ་དེ་འདྲ་ཡོད་པར་དྲན་གྱི་མི་འདུག ཀླད་པ་ལས་གཞན་པའི་སེམས་ནི་ཧ་ཅང་སྤྱང་གྲུང་དོད་པོ་བསམ་བློ་གང་འདྲ་བཏང་ན་གཏོང་རྒྱུ་ཡོད་པ་ཞིག་དང་། སྒོམ་ཇི་ལྟར་བརྒྱབ་ན་རྒྱག་རྒྱུ་ཡོད་པ། སྒོམ་བརྒྱབ་ནས་བསམ་བློ་བཟང་པོར་གཏོང་རྒྱུ་ཡོད་པ་ཞིག་རེད། བསམ་བློ་བཟང་ཕྱོགས་སུ་བསྐྱོད་པའི་དབང་གིས་སེམས་ཀྱི་ཞི་བདེ་ཡོང་ཐུབ་པ་ཞིག་རེད། སེམས་ཀྱི་ནུས་པ་ནི་དེ་ལྟ་བུ་ཞིག་ཡོད་པ་རེད།དེ་ནས་མགོ་བརྩམས་ཏེ་ཚན་རིག་པ་མང་པོའི་མཉམ་དུ་ཐུག་འཕྲད་བྱུང་བ་རེད། ཚན་རིག་པ་མཉམ་དུ་བཀའ་མོལ་ཞུས་ཡོང་སྐབས། ཚན་རིག་བྱུང་ས་གཙོ་བོ་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནས་བྱུང་བ་ཞིག་རེད། ཁོང་ཚོའི་ལུང་པའི་ནང་དུ་དར་བ་ནི་ཡི་ཤུ་དང་ཁ་ཆེ། འཇིའུ་ཆོས་ལུགས་སོགས་རེད། ཆོས་ལུགས་འདི་དག་གི་ནང་དུ་སེམས་ཀྱི་རྣམ་གཞག་སྐོར་རྒྱས་པོ་དང་། མི་དགེ་བའི་སྐོར་ལ་གཉེན་པོ་བརྟེན་སྟངས་ཁོ་ཚོའི་གཞུང་གི་ནང་ཐོན་གྱི་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་ནང་པའི་གཞུང་གི་ནང་དུ་ཧ་ཅང་མང་པོ་ཡོད། དེར་བརྟེན་ཝ་རེ་ལཱ་དམ་པ་ཁོང་གིས་ཚན་རིག་དང་ཆོས་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པའི་མིག་དཔེ་བསྟན་པ་དང་། ཁོང་དང་སེམས་ཐག་ཉེ་བོ་ཆགས་པའི་རྒྱུ་རྐྱེན་གཅིག་དེ་རེད།
ང་ཚོ་ནང་པའི་ངོས་ནས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་ཅེས་པ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཝ་རེ་ལཱ་དམ་པ་ཁོང་གི་སྐྱེ་བ་ཕྱི་མ་དེ་ངོས་ཀྱི་ངོ་ཤེས་པའི་མི་ཚང་ཞིག་གི་ནང་དུ་སྐྱེས་ཡོད་པ་ངོས་རང་སྒེར་གྱིས་གདེང་ཚོད་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ངོས་རང་ཚུར་ངོ་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར་བསམ་བློའི་ནང་དུ་ངོས་ལ་ཉེ་བའི་བསམ་པ་ཞིག་ཏན་ཏན་ཡོད་པ་རེད། དེ་ནི་སྐྱེ་བ་སྔོན་མའི་གོམས་པའི་དབང་གིས་བག་ཆགས་དེ་ཡོང་གི་རེད་བསམ་གྱི་འདུག དཔེར་ན། ངོས་རང་ལོ་གཉིས་གསུམ་ཡིན་པའི་སྐབས་སུ་སྐུ་ཕྲེང་བཅུ་གསུམ་པས་ངོ་མཁྱེན་པའི་མི་ཚོ་ངོས་རང་དང་ཐུག་འཕྲད་བྱུང་སྐབས་ཉེ་བའི་བསམ་པ་བྱུང་ཡོད་པ་རེད། རིགས་པ་གཅིག་མཚུངས་རེད།ལས་ཀྱི་འབྲེལ་བ་ཡོང་སྐབས་སེམས་ནང་དུ་བག་ཆགས་ཀྱི་ཁྱད་པར་ཡོད་པ་རེད་མ་གཏོགས། ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་རེད། ཝ་རེ་ལཱ་དམ་པ་ཁོང་ནི་ཆོས་ལ་ཡིད་ཆེས་ཡོད་མཁན་དང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་བཤད་ཡོང་དུས་ངོས་རང་ལ་ལས་ཀྱི་འབྲེལ་བ་ཞིག་ཏན་ཏན་ཡོད་པ་རེད། ངོས་ཀྱི་མི་ཚེ་འདིའི་དབང་དུ་བྱས་ན་དམིགས་བསལ་གྱིས་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། ངོས་རང་ལོ་བཅུ་ནས་བཅོ་ལྔར་མུ་མཐུད་གནས་པ་ཡིན་ན་ཝ་རེ་ལཱ་དང་འབྲེལ་བའི་ཐོག་ནས་བཀའ་མོལ་གནང་ཐུབ་པའི་གཞོན་ནུ་ཞིག་དང་ཏན་ཏན་འཕྲད་ཀྱི་རེད་བསམ་གྱི་འདུག
དེ་རིང་གི་གོ་སྐབས་འདི་དང་བསྟུན་ངོས་ཀྱི་གྲོགས་པོ་རྙིང་པ་ཁོང་གི་རྗེས་དྲན་དང་འབྲེལ་ནས་ཁོང་གི་སྐོར་ལ་བཀའ་མོལ་ཞུ་རྒྱུར་ཧ་ཅང་དགའ་བོ་བྱུང་། ཁོང་གི་སྐུ་ཟླ་འདིར་བཞུགས་ཡོད་པ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ་རྗེས་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་ཞེས་པའི་བརྗོད་གཞི་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་བཅས།།