༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༣ དང་ ༡༥ ཉིན་ཨ་རི་རྒྱ་ས་ཝ་ཤིང་ཊོན་ (Washington DC) དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་ཟུར་པ་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Sam Brownback) མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (International Religious Freedom Summit) ཤིག་བསྐོང་ཚོགས་གནང་གཏན་འཁེལ་བའི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། ནུས་པ་ལྡན་པའི་མཉམ་འཐུས་ཀྱིས་ཚོགས་པ་ཞིག་བཙུགས་ཏེ་རྒྱལ་སྤྱིའི་ཁྲོད་ཆོས་དད་རང་དབང་ཐོག་མཉམ་རུབ་ཀྱི་ཕྱག་ལས་གནང་རྒྱུ་དང་། རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་ཆེད་མང་ཚོགས་ལ་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ། དེའི་ཐད་ཆབ་སྲིད་ནུས་པ་ཆེ་རུ་གཏོང་རྒྱུ་ཆེད་ཡིན།
སྐབས་དེར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྩིས་མེད་རྡོལ་རོལ་དང་སྡུག་སྦྱོང་མནར་གཅོད་ཚད་མེད་ཇི་ལྟར་གཏོང་བཞིན་ཡོད་སྐོར་ཐད་ཆུ་ཚོད་གཅིག་རིང་གླེང་སློང་གི་ལས་རིམ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་འདུག་པ་བཅས། །