༄༅། །ཟླ་ཤས་གོང་གསར་བཙུགས་གནང་བའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པས་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་འདུག
དྲ་ཐོག་གི་ཚོགས་འདུ་དེ་བཞིན་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་སྐུ་ཞབས་སོ་རབ་སཱ་རཱས་བྷཏ་ (Sh. Saurabh Saraswat) ལགས་ཀྱིས་ཚོགས་གཞོན་སྐུ་ཞབས་ཨོ་པོ་ཏི་ཝ་རི་ (Sh. O P Tiwari) ལགས་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་བ་ཞིག་ཡིན།དེ་ཡང་དྲ་ལམ་ཚོགས་འདུའི་ཐོག་བྷརཏ་ཏིབྦཏ་སམནྭཡ་སཾགྷ་ཡི་ཚོགས་མི་ཡོངས་ཀྱིས་སྤེན་པ་ཚེ་རིང་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་ཞུས་པ་དང་འབྲེལ། ཁོང་ཚོས་ལས་འགུལ་དང་སྐད་འབོད་སོགས་མུ་མཐུད་སྤེལ་ཏེ་བོད་ཀྱི་རང་དབང་མགྱོགས་མྱུར་སླར་གསོ་དང་། རྒྱ་ནག་གཞུང་གི་དྲང་པོ་མིན་པའི་གནས་ཚུལ་རྣམས་མཇུག་བསྒྲིལ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།
ཚོགས་འདུའི་ཐོག་སྐུ་ཞབས་སོ་རབ་སཱ་རཱས་བྷཏ་ལགས་ཀྱིས་ཚོགས་པའི་དམིགས་ཡུལ་དང་། ཚོགས་པའི་གལ་ཆེ་རང་བཞིན་སོགས་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་གིས་ཚོགས་གཙོ་མཆོག་ལ་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཡི་རྒྱལ་ཡོངས་ཚོགས་གཙོའི་མཚན་སྙན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་དང་རྒས་ཡོལ་ཟིན་པའི་རྒྱ་གར་ཇར་ཁན་ཌ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གི་བུད་མེད་ཁྲིམས་ཞིབ་པ་ཆེ་བ་དང་པོ་ལྕམ་སྐུ་ཇ་ཡན་སུ་རྡ་མིཤ་རཱ་ (Smt. Gyan Sudha Misra) ལགས་ལ་གནང་རྒྱུའི་གྲོས་ཆོད་འདོན་ཆོག་པའི་རེ་འདུན་བཏོན་གནང་ཡོད།
དེ་རྗེས་རྒས་ཡོལ་ཟིན་པའི་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་ནི་ལེནྡྲ་ཀུ་མཱར་ (Sh. Nilendra Kumar) ལགས་ཀྱིས་ཚོགས་པའི་ཚོགས་གཞོན་གྱི་ལས་འགན་བཞེས་རྒྱུ་ཡིན་པ་ངོ་སྤྲོད་གནང་།
ལྕམ་སྐུ་ཇ་ཡན་སུ་རྡ་མིཤ་རཱ་ལགས་ཀྱིས་རང་ཉིད་ནང་བསྟན་གྱི་རིན་ཐང་ལ་དད་སེམས་བརྟན་པོ་ཡོད་སྐོར་དང་། རིན་ཐང་དེ་དག་བོད་མི་རྣམས་དང་། ཁོང་ཚོའི་འཐབ་རྩོད་ཁྲོད་ཧ་ཅང་ཡག་པོ་མཚོན་པར་བྱས་ཡོད་སྐོར་སོགས་གསུངས།
དེ་རྗེས་སྐུ་ཞབས་ནི་ལེནྡྲ་ཀུ་མཱར་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་མར་སྦྱོང་བའི་སྐབས་ཀྱི་ཉམས་མྱོང་དང་། དམག་མིའི་སྒྲིག་ཆས་གྱོན་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ལ་ད་བར་ཞབས་སྤྱི་ཞུས་པའི་ཉམས་མྱོང་སོགས་ལ་དྲན་གསོ་དང་འབྲེལ། བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཡི་ཚོགས་མི་རྣམས་ཀྱིས་ཁོང་ལ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
ཚོགས་འདུའི་ཐོག་ཚོགས་མི་རྣམས་ཀྱིས་གསུང་བཤད་གནང་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཚོགས་མི་རྣམས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྕམ་སྐུ་ཇ་ཡན་སུ་རྡ་མིཤ་རཱ་ལགས་དང་། སྐུ་ཞབས་ནི་ལེནྡྲ་ཀུ་མཱར་ལགས་རྣམ་གཉིས་ཀྱིས་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་ཀྱི་འགན་འཁུར་བཞེས་གནང་བར་འཚམས་འདྲི་ཞུས་ཡོད་པ་བཅས། །