༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་༤ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་(PeaceJamFoundation ) གི་ལོ་འཁོར་ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད།
ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་འདི་ལོའི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་གི་ལོ་འཁོར་ཚོགས་འདུ་དྲ་ལམ་བརྒྱུད་ཚོགས་དགོས་བྱུང་ཡོད། རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་གི་དགོས་དམིགས་གཙོ་བོ་ནི། ཞི་བདེ་སྐྲུན་མཁན་རྣམས་ལ་སོ་སོ་རང་ཉིད་དང་། ས་གནས་ཚོགས་སྡེ། དེ་བཞིན་འཛམ་གླིང་བཅས་ཞི་བདེ་ཅན་ལ་བསྒྱུར་རྒྱུའི་སླད་སེམས་ཤུགས་སྐྱེད་འཇུག་གི་ཡོད།
དེ་ཡང་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་ཞེས་པ་ནི་ལོ་ངོ་ ༢༥ གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཌ་ཝན་ཨིན་གི་ལེ་ (Dawn Engle) ལགས་དང་ཨི་ཝན་ ( Ivan Suvanjieff) ལགས་རྣམ་གཉིས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཚོགས་པ་དེའི་ཚོགས་མི་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚུད་པའི་ལྷོ་ཨ་ཕི་རི་ཁའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ (Archbishop Emeritus Desmond Tutu) མཆོག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ (Shirin Ebadi) མཆོག ཤར་ཊི་མོར་གྱི་སྲིད་འཛིན་ཟུར་པ་ར་མོ་སི་ཧོར་ཏ་ ( President José Ramos-Horta) མཆོག་སོགས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐུ་ཚབ་གྲངས་ ༡༣ ཡོད་པ་དང་། ཚོགས་མི་རྣམས་ནས་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་གི་ལོ་རེའི་ལོ་འཁོར་ལས་བསྡོམས་ལ་བསྐྱར་ཞིབ་དང་། གྲུབ་འབྲས་ཐོན་པ་ཁག་ལ་གྲོས་བསྡུར། དེ་བཞིན་འབྱུང་འགྱུར་གྱི་ལོའི་འཆར་གཞི་དང་སྔོན་རྩིས་གཏན་འབེབས་གནང་གི་ཡོད་པ་བཅས།།