༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༥དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གསུང་དོན། ཟླ་བ་འདིའི་ནང་སྔོན་ཁབ་དང་འབྲེལ་བའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། སྔོན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་བརྒྱ་ཆ་ ༧༠ ལྷག་ཙམ་དང་སྔོན་ཁབ་རིམ་པ་གཉིས་པ་བརྒྱབ་ཟིན་པ་བརྒྱ་ཆ་ ༣༠ ཙམ་ཆགས་ཀྱི་འདུག དེ་བཞིན་གཞུང་དང་སྒེར་པ། དགོན་སྡེ་ཁག བླ་བྲང་སོགས་ནས་མཐུན་འགྱུར་རོགས་རམ་གནང་བ་ལ་བརྟེན་ནས་གནས་སྟངས་ཡག་པོ་ཆགས་འདུག རྡ་སར་མཚོན་ན་བདེ་ལེགས་སྨན་ཁང་ནས་ཐུགས་འགན་བཞེས་ཏེ་སྔོན་ཁབ་བརྒྱབ་དང་རྒྱག་བཞིན་པ་རེད།ད་ཆ་ནད་རླབས་གཉིས་པའི་གནས་སྟངས་བཟང་དུ་ཕྱིན་ཡོད་ནའང་ནད་རླབས་གསུམ་པ་ཞིག་སླེབ་རྒྱུའི་ཉེན་ཁ་ཡོད་སྐོར་མཁས་དབང་སོགས་ཀྱི་ཚོད་དཔག་གནང་བཞིན་ཡོད་སྟབས། རེས་གཟའ་མིག་དམར་ཉིན་སློབ་གྲྭ་ཁག་སྡེ་ཚན་བཞི་རུ་དབྱེ་ནས་དྲ་ལམ་བརྒྱུད་གོ་བསྡུར་གནང་སྟེ་ལས་རིམ་བསྒྲིགས་ཡོད།
ཉེ་ཆར་ཨ་རི་ནས་སྨན་ཞབས་པ་བདུན་དང་རྒྱ་གར་ནང་གི་སྨན་ཞབས་པ་ལྔ་བཅས་ཁྱོན་སྨན་ཞབས་པ་གྲངས་བཅུ་གཉིས་ཕེབས་ཡོད་པ་དེ་དག་བོད་ཁྱིམ་དུ་གཉིས་དང་། ས་ར་མཐོ་སློབ་ཏུ་གཉིས། གྷོ་པལ་པུར་བོད་ཁྱིམ་དུ་གཉིས། དབུས་སྨན་རྩིས་ཁང་དུ་གཉིས། བདེ་སྐྱིད་གླིང་དུ་གཉིས། དེ་བཞིན་སྨན་ཞབས་པ་བགྲེས་པ་གཉིས་ཀྱིས་སློབ་གསོ་ལམ་སྟོན་སོགས་གནང་རྒྱུའི་ལམ་རིམ་བང་བསྒྲིགས་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཁོང་རྣམ་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ཅེས་གསུངས་གྲུབ་མཚམས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༢༢ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༦ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༢༨ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༤༤༡ དང་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༥༥༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༩༩༢ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༣༦༦༦༠ ལ་རིན་མེད་བགོ་འགྲེམས་གནང་ཡོད། དེ་བཞིན་དབུས་བོད་ཀྱི་སྨན་རྩིས་ཁང་ནས་འདས་པའི་ལོ་གཅིག་ལྷག་ཙམ་རིང་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ནད་པ་གྲངས་ ༤༡༥༤ ལ་རིན་མེད་སྨན་བགོ་འགྲེམས་གནང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༦ ནང་གི་བོད་མི་གྲངས་ ༡༦༤༤ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་མི་གྲངས་ ༡༤༥༩༦ དང་། དེ་བཞིན་མི་གྲངས་ ༢༥༨༥༤ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། དེ་བཞིན་བལ་ཡུལ་ནང་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་མི་གྲངས་ ༤༣༢ དང་། ཕྱོགས་མཚུངས་མི་གྲངས་ ༡༣༢༧ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།
སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༤༡ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་བ་བྱུང་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༣༣ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༩༤ དང་། བུད་མེད་གྲངས་ ༣༩ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༡ དང་ཆུང་ཤོས་དེ་བྱིས་པ་ལོ་ ༥ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་མི་གྲངས་ ༥ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༥༠༨༤ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༤༥༣༠ ། འདས་གྲོངས་སོང་བ་མི་གྲངས་ ༡༣༡ ། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༤༢༣ ཡོད། ཅེས་སོགས་གསུངས། །