༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༨ ཉིན་ཌེན་མག་བོད་དོན་རྒྱབ་ཚོགས་པ་དང་། ཌེན་མག་རྒྱ་ནག་ཚོགས་པ་ (Danish China-Critical Society) ཞེས་པའི་གོ་སྒྲིག་འོག་བོད་དོན་རྒྱབ་སྐྱོར་བ་ཚོས་ཌེན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་ (Copenhegen ) ནང་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཧྥིན་ཐེ་ (Mr. Feng Tie) ལ་ངོ་རྒོལ་གནང་འདུག
དེ་ཡང་གོང་ཚེས་ཉིན་ཌེན་མག་གི་མི་མང་ཚོགས་ཆེན་(Folkemødet) དང་བསྟུན། ཌེན་མག་གི་ཆབ་སྲིད་གསར་ཁང་ཨལ་ཊིན་གེ་ཊི་ (Altinget) ཞེས་པས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཧྥིན་ཐེ་ལ་བཅར་འདྲི་གནང་ཡོད། བཅར་འདྲི་གྲོལ་རྗེས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཧྥིན་ཐེ་སྒོའི་ཕྱི་ལ་ཐོན་ཡོང་སྐབས་བོད་དོན་རྒྱབ་སྐྱོར་བ་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་བོད་ལ་རང་དབང་དགོས། ཤར་ཏུར་ཀི་སི་ཐན་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས། རྒྱ་ནག་ལ་རང་དབང་དགོས། ཞེས་སྐད་འབོད་བརྒྱབ་སྟེ་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་གནང་ཡོད་པ་བཅས།།