༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཚོགས་ཆེན་ཐེངས་གསུམ་པ་དེ་དྲ་ལམ་བརྒྱུད་འཚོགས་གཏན་ཁེལ་ཡོད།
དེ་ཡང་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་དྲ་ཐོག་ཚོགས་འདུའི་ཐོག་ཡུ་རོབ་ཁུལ་གྱི་གྲོས་ཚོགས་འཐུས་མི་གཉིས་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག དེ་བཞིན་རྒྱལ་ཁབ་འདྲ་མིན་བརྒྱད་ནས་ཕེབས་པའི་ཁོར་ཡུག་ཐོག་མཁས་པ་གྲགས་ཅན་ ༡༥ བཅས་ཀྱིས་གསུང་བཤད་གནང་རྒྱུ་ཡིན།
དུས་ཡུན་ཉིན་གྲངས་གསུམ་རིང་གི་དྲ་ཐོག་བཞུགས་མོལ་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི། བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གང་ཤེས་རྟོགས་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འབྲེལ་བ་ (Understanding Tibetan Plateau’s ecological role and relationship with global climate change) ཞེས་པ་དེ་ཡིན།
ཉིན་དང་པོའི་ཚོགས་འདུའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་། ཅེཀ་གྲོས་ཚོགས་ཀྱི་ཁོར་ཡུག་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ཌཱ་ན་བྷལ་ཁཱ་རོ་ཝ་ (Dana Balcarova) མཆོག་ཆེད་དུ་གསུང་བཤད་གནང་མཁན་དུ་མགྲོན་འབོད་གནང་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས་ཚོགས་འདུ་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། ཉིན་དང་པོའི་བགྲོ་གླེང་ཐོག་བོད་མཐོ་སྒང་གི་གོ་ལ་ཧྲིལ་པོའི་གལ་གང་རང་བཞིན་དང་། བོད་ནང་གནམ་གཤིས་འགྱུར་ལྡོག་གིས་ཤུགས་རྐྱེན་ཇི་ཐེབས་ (Global importance of the Tibetan Plateau and possible impacts of Climate Change in Tibet) ཞེས་པའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན།
དེ་བཞིན་ཉིན་གཉིས་པའི་ཚོགས་འདུའི་ཐོག་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Hon Tim Loughton) མཆོག་ཆེད་དུ་གསུང་བཤད་གནང་མཁན་དུ་མགྲོན་འབོད་གནང་ཡོད་པ་དང་། ས་མཚམས་ལས་བརྒལ་བའི་ཆུ་བོ་དང་། བོད་མཐོ་སྒང་ནས་འབབ་པའི་ཆུ་བོ་ཁག་གི་གནས་བབ་ (Trans-boundary Rivers and the state of Rivers originating from the Tibetan Plateau) ཅེས་པའི་བརྗོད་གཞིའི་ཐོག་མཁས་དབང་རྣམས་ཀྱིས་བགྲོ་གླེང་གནང་རྒྱུ་ཡིན།
ཉིན་མཐའ་མའི་ཚོགས་འདུའི་ཐོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་རྒྱུ་ཡིན་པ་དང་། དེ་རྗེས་ཁོར་ཡུག་སྲུང་སྐྱོབ་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན། (Role of human rights in environmental conservation) ཞེས་པའི་བརྗོད་གཞིའི་ཐོག་མཉམ་ཞུགས་པ་རྣམས་ཀྱིས་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །