༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་དྲ་ལམ་བརྒྱུད་བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་གསུམ་པ་ཚོགས་ཡོད། ཐེངས་འདིའི་དྲ་ཐོག་གི་ཚོགས་འདུའི་སྟེང་རྒྱ་གར་དང་། ཨ་རི། སུད་སི། ཨིན་ཡུལ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊི་ལི་ཡ། སི་ཀོ་ཊི་ལན་ཌི། ཨི་ཛི་རལ་བཅས་རྒྱལ་ཁབ་བརྒྱད་ཀྱི་ཁོར་ཡུག་ཁྱད་མཁས་པ་དང་། གྲོས་ཚོགས་འཐུས་མི། ཐབས་བྱུས་མཁས་པ། ཁོར་ཡུག་ཞུ་གཏུག་པ་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ལྕ་སྐུ་ཌ་ན་ (Hon’ble Dana Balcarova) ལགས། ཨ་རིའི་མེ་ཨིན་མཐོ་སློབ་ཀྱི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་སློབ་དཔོན་པོལ་ (Paul Mayewski) ལགས། སི་ཀོ་ཊི་ཤིའི་ཧི་མ་ལ་ཡའི་ཞིབ་འཇུག་བསྟི་གནས་ཁང་གི་ངེས་སྟོན་པ་སློབ་དཔོན་མར་ཊིན་མི་ལི་སི་ (Dr. Martin Mills) ལགས། ཨིན་ཡུལ་གྱི་ཤར་ཨན་གྷི་ལི་ཡ་མཐོ་སློབ་ཀྱི་ཊིན་ཌོལ་གནམ་གཤིས་འགྱུར་ལྡོག་ཉམས་ཞིབ་བསྟི་གནས་ཁང་གི་ངེས་སྟོན་པ་ཨ་ཤར་ (Asher Minns) ལགས། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་(Tim Loughton)མཆོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་སློབ་དཔོན་བྷྲམཱ་ཅེལ་ལ་ནི་ (Prof. Brahma Chellaney) ལགས། ཨ་རིའི་སི་ཊིམ་སན་གྱི་ལས་གཞི་བསྟི་གནས་ཁང་གི་ངེས་སྟོན་པ་སློབ་དཔོན་བྷི་རི་ཨན་ (Dr. Brian Eyler ) ལགས། ཨི་ཛི་རལ་གྱི་དཀྱིལ་ཤར་ཞི་བདེ་ཚོགས་པའི་ངེས་སྟོན་པ་གྷི་ཌོན་བྷི་རོམ་སྦག་ (Gidon Bromberg) ལགས། ཨོ་སི་ཊི་ལི་ཡའི་རྩོམ་པ་པོ་དང་བོད་ཀྱི་ཁོར་ཡུག་ཁྱད་མཁས་པ་གྷབ་རེལ་ (Gabriel Laffite ) ལགས། རྒྱ་གར་གྱི་འཐབ་བྱུས་མཁས་པ་སློབ་དཔོན་རཱ་ཇཱན་ཀོ་ཊུ་རུ་ ( Dr. Rajan Kotru ) ལགས། རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ལ་ཌོར་ (Yves Lador ) ལགས།དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལེགས་བཤད་ལགས་དང་། ཁོར་ཡུག་ཚན་པའི་འགན་འཛིན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་བཅས་ནས་བོད་མཐོ་སྒང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་དབར་གྱི་འབྲེལ་བའི་སྐོར་དང་། དེ་བཞིན་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་གཅིག་ལྷག་བོད་ཀྱི་གཙང་པོ་དེ་དག་ལ་བརྟེན་ནས་འཚོ་བཞིན་པ་དང་། བོད་མཐོ་སྒང་དུ་ཚ་དྲོད་རྒྱས་ནས་འཁྱགས་རོམ་རྣམས་བཞུས་པར་བརྟེན་བོད་ནང་ས་ཉིལ་ཆུ་ཤོར་དང་། ཆུ་ལོག ས་འགུལ་སོགས་བྱུང་དང་འབྱུང་བཞིན་པ། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཚོའི་མི་ཕྱུགས་དང་དཔལ་འབྱོར་སོགས་ལ་གྱོང་གུད་ཚབས་ཆེན་ཐེབས་བཞིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།གཞན་ཡང་ཁོང་རྣམ་པས་ཆུ་དང་སྐྱེ་དངོས་རིགས་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་ཐབས་ལམ་སྐོར་དང་། རྒྱ་གཞུང་གིས་བཙན་དབང་གིས་བོད་ཀྱི་འབྲོག་པ་རྣམས་གནས་སྤོ་བཅུག་པ་དེས་བོད་ཀྱི་ཁོར་ཡུག་ལ་གནོད་ཀྱི་ཡོད་པའི་སྐོར། རྒྱ་གཞུང་གིས་བོད་མཐོ་སྒང་གི་ས་ཁུལ་ཁག་གཅིག་རྒྱལ་ཡོངས་སྤྱི་གླིང་བསྐྲུན་རྒྱུའི་ལས་གཞིར་ཁ་གཡར་ནས་བོད་ཀྱི་ས་ཁུལ་མང་པོ་བདག་བཟུང་བྱེད་བཞིན་པ། འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་སོགས་ཀྱི་སྐོར་གསུངས་ཡོད།
མཐར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་གསུམ་གྱི་བོད་ཀྱི་ཁོར་ཡུག་ཚོགས་ཆེན་དེ་བཞིན་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།