༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཝང་ཤི་ལིན་གྱི་མཉམ་སྒྲོག་རོལ་དབྱངས་གསུམ་པ་ (Wang Xilin‘s Symphony No.3.) ཞེས་པའི་དྲ་ཐོག་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐོག་མཉམ་ཞུགས་གནང་ཡོད།
དེ་ཡང་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་འགན་འཛིན་རྒྱ་རིགས་མཁས་དབང་སྐུ་ཞབས་ཡང་ཇེ་ལིན་ (Dr. Yang Jianli) ལགས་ཀྱི་སྣེ་ཁྲིད་འོག་སྤྱི་དམངས་ནུས་སྟོབས་ཚོགས་པས་བྱེད་སྒོ་དེར་མཐུན་འགྱུར་གཙོ་བོ་གནང་ཡོད་པ་དང་། དེ་བཞིན་ཊོམ་ལན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སྲུང་སྐྱོབ་ཚོགས་པ་དང་། དམར་པོའི་སྲིད་གཞུང་གི་མནར་གཅོད་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རྗེས་དྲན་ཐེབས་རྩ། (The Victims of Communism Memorial Foundation) Athenai Institute བཅས་ནས་ཀྱང་མཐུན་འགྱུར་གནང་ཡོད།བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བྱེད་སྒོ་དེའི་ཐོག་བརྙན་ཐུང་ཞིག་བཏང་གནང་སྟེ། ལོ་ ༣༢ གོང་བོད་རྒྱ་ཞི་མོལ་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཀྱིས་དྲག་ཤུགས་ལག་བསྟར་བྱས་པར་བསྐྱོན་བརྗོད་མཛད་གནང་ཡོད་སྐོར་གསུངས་ཡོད།
དེ་ཡང་ཁོང་གིས་གསུང་དོན། བོད་མི་ཚུད་པའི་རྒྱ་ནག་དམར་ཤོག་གཞུང་གི་གནོད་འཚེ་ཕོག་མཁན་མང་པོས་ལོ་བཅུ་ཕྲག་རིང་རྒྱ་ནག་དམར་ཤོག་གཞུང་གི་གདུག་རྩུབ་ལ་ཉེན་བརྡ་བཏང་ཡོད། འོན་ཀྱང་ད་བར་དྲག་གནོན་འགོག་ཐབས་ལ་བྱ་སྤྱོད་གང་ཡང་སྤེལ་མེད། སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་དམར་ཤོག་གཞུང་གིས་རང་ཉིད་ཀྱི་དམིགས་དོན་གཙོ་བོ་སྦད་སྐུང་བྱས་ཏེ་ཁོ་ཚོའི་སྤྱོད་མཁས་ཀྱི་བྱེད་སྟངས་ལ་འཛམ་གླིང་གི་འགོ་ཁྲིད་མང་པོ་ཞིག་མགོ་སྐོར་བསླུ་ཁྲིད་བྱས་ཡོད། གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་མང་གཙོའི་ཞི་རྒོལ་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་རྗེས་སུའང་ནུབ་ཕྱོགས་པས་རྒྱ་ནག་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་ན་རྒྱ་ནག་གཞུང་དེ་བས་གུ་ཡངས་སུ་འགྱུར་སྲིད་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཞིག་མ་རེད་དམ། བསམ་ཚུལ་དེ་ནི་བོད་མི་ཚང་མས་སྟོང་བསམ་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་ཤོད་ཐུབ། གང་ཡིན་ཞེ་ན་ང་ཚོ་རྒྱ་ནག་གཞུང་གི་རྫུན་གཏམ་བརྒྱུད་མྱོང་བ་ཞིག་ཡིན། གང་ལྟར་ཡང་ཏོག་དབྱིབས་གཉན་རིམས་ཀྱི་ནད་ཡམས་འདིས་རང་དབང་ཅན་གྱི་རྒྱལ་ཁབ་རྣམས་ལ་རྒྱ་ནག་དམར་ཤོག་གཞུང་གི་གདོང་གཤིས་ངོ་མ་དེ་མཐོང་དུ་བཅུག་ཡོད་པ་དང་། ད་ཆ་ཕལ་ཆེར་གོ་ལ་ཧྲིལ་པོ་གཉིད་ལས་སད་ཡོད། ཞེས་གསུངས།དེ་བཞིན་ཁོང་གིས་མཉམ་རུབ་ཐོག་འཐབ་རྩོད་བྱེད་དགོས་པའི་ཐོག་ནན་བཤད་གནང་སྟེ། རྒྱ་ནག་གི་མི་སེར་དང་། བོད་མི། ཡུ་གུར། ཧོང་ཀོང་། ལྷོ་སོག་པོ། ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན། ཡི་ཤུ། ཐའེ་ཝན་མི་རིགས་བཅས་ཀྱི་ངོས་ནས་བརྗོད་ན་མཉམ་རུབ་ཐོག་འཐབ་རྩོད་བྱེད་རྒྱུ་ནི་དེ་སྔ་ལས་གལ་འགངས་ཆེ་བ་ཞིག་ཡིན། ང་ཚོ་མང་པོ་མེད་ནའང་མཉམ་རུབ་བྱས་ན་དོན་སྙིང་ལྡན་པ་ཞིག་དང་། མི་གྲངས་ཀྱི་ཐད་སྟོབས་ཤུགས་ཡོད་པ། གདུང་སེམས་མཉམ་སྐྱེའི་ཐད་ནུས་ཤུགས་ལྡན་པ་ཞིག་ཡོད། ཅེས་གསུངས་ཏེ་བོད་མི་རྣམས་ནས་ཀྱང་དྲུག་བཞིའི་དོན་རྐྱེན་གྱི་ངོ་རྒོལ་བྱེད་སྒོ་ནང་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་སོགས་གསུངས།བྱེད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་ (Chris Smith) མཆོག ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཞོན། དེ་སྔའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་ (Sam Brownback) མཆོག དེ་སྔའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ (Mike Pompeo) མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་ནུ་རེ་ (Nury A. Turkel) མཆོག་དང་འཐུས་མི་སྐུ་ཞབས་ (Tom Malinowski) ལགས་བཅས་གནད་ཡོད་མི་སྣ་རྣམས་ཀྱིས་གསུང་བཤད་གནང་ཡོད་པ་བཅས། །