༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སིམ་སྤྱི་བསྟན་འཛིན་སྣང་བ་ལགས་ཀྱི་བརྒྱུད་ཟླ་འདིའི་ཕྱི་ཚེས་ ༨ རེས་གཟའ་མིག་དམར་ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ (Sri Jai Ram Thakur) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་ཕུལ་གནང་ཡོད། སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་མཆོག་གིས་འོས་བསྡུ་ཚགས་ཚུད་ངང་ནས་བདམས་ཐོན་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་མཆོག་ལ་འཚམས་འཕྲིན་གནང་བའི་ནང་འཁོད་དོན། མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་སྲིད་སྐྱོང་ཡིན་པའི་ཆ་ནས་ངས་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་ལ་ས་གནས་སུ་སྡོད་གནས་ཀྱི་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡི་གེ་འདི་བརྒྱུད་ངས་སྐུ་ཉིད་མཆོག་དང་། སྐུ་ཉིད་ཀྱི་ལས་ཁུངས་ལ་རྒྱུན་ལྡན་གྱི་འབྲེལ་ལམ་བརྒྱུད་འབྲེལ་བ་ཞུ་ཆོག་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེའི་ཐད་ངའི་ལས་ཁུངས་ནས་སྐུ་ཉིད་ལ་བརྒྱུད་ལམ་གང་གི་ཐོག་ནས་འབྲེལ་གཏུགས་ཞུ་ན་སྟབས་བདེ་ཡིན་པའི་སྐོར་ལམ་སྟོན་གནང་རོགས། ཞེས་ཞུ་རྒྱུ་ཡིན།
ཐེངས་རྗེས་མ་སྐུ་ཉིད་རྡ་སར་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་སུ་ཕེབས་གནང་ཡོང་བ་ཞུ། ངས་སྐུ་ཉིད་མཆོག་དང་ལྷན་དུ་མཉམ་རུབ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་འཁོད་པ་བཅས། །