༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༦ རེས་གཟའ་ཉི་མ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་ཐེངས་དང་པོ་མཇལ་འཕྲད་དང་འབྲེལ་གོ་བསྡུར་གྱི་ལས་རིམ་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་མཇལ་འཕྲད་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་དགོས་དོན་གཙོ་བོ་ནི། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུ་རྒྱུ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ་ཆེད་ཡིན།ཚོགས་འདུའི་ཐོག་མར་དེ་ལྔ་ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པར་ཚོགས་མི་བདུན་ཡོད་པ་དང་ད་ཆ་ཚོགས་མི་ཉི་ཤུ་རྩ་གཉིས་ཡོད་སྐོར་སོགས་ངོ་སྤྲོད་གནང་རྗེས་བོད་དོན་ཐད་ཁ་ཞེ་གཉིས་མེད་བརྒྱུད་བོད་རང་དབང་ལས་འགུལ་ཐོག་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཆེ་བསྟོད་དང་གུས་བརྩི་མཚོན་སླད་ཁོང་རྣམས་ཀྱི་པར་རིས་གཟིགས་འབུལ་ཞུས་ཡོད།
སྐབས་དེར་ཇ་ཡ་པྲ་ཀཱཤ་ན་རཱ་ཡན་ (Jayaprakash Narayan) མཆོག་གིས་དབུས་སྐུ་ཞབས་མ་དུ་ལི་མཱ་ཡི་ (Madhu Limaye) མཆོག་དང་། སྐུ་ཞབས་ཇོར་རྗེ་ཕར་ནནྜེ་སི་ (George Fernandes) མཆོག སྐུ་ཞབས་སཏྱ་པྲ་ཀཤ་མལ་ཝི་ཡ་ (Satya Prakash Malviya) མཆོག སྐུ་ཞབས་ཨན་ཀེ་ཏིར་ཁ་ (Dr. N. K. Trikha) མཆོག སྐུ་ཞབས་བྷུ་དྷ་པྲི་ཡཱ་ཐུལ་(Budhapriya Thool) མཆོག ནིརྨལ་དེཤཔཎྜེ་ (Smt.Nirmala Deshpande) མཆོག སྐུ་ཞབས་སུན་དྷར་ལལ་ (Sundarlal) མཆོག་བཅས་ལ་སྨོན་ལམ་གསོལ་འདེབས་ཞུས་ཡོད།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey) ལགས་ཀྱིས་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད། བོད་མི་མང་ཚོགས་ནས་ཆབ་སྲིད་དང་སྒྲིག་འཛུགས་ཀྱི་ལས་དོན་སྟངས་འཛིན་གནང་ཕྱོགས་ཐད་རྒྱུས་མངའ་ཡོད་མཁན་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་གནང་བར་བསྔགས་བརྗོད་གནང་ཡོད། གཞན་ཡང་ཁོང་གིས་རྒྱ་གར་ཡུལ་མི་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་རིང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་མགོན་པོ་གང་ཉིད་མཆོག་སྤོབས་པ་ཆེན་པོའི་ཐོག་བོད་དུ་ཕྱིར་ཕེབས་ཐུབ་པའི་ཡིད་སྨོན་བྱེད་ཀྱི་ཡོད། ཅེས་གསུངས།
དེ་རྗེས་རྒྱ་གར་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་གིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་པ་དང་། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐད་ལམ་སྟོན་ཞུས་ཡོད། གཞན་ཡང་རྒྱ་ནག་གཞུང་ལ་དོན་དངོས་པོའི་ཐོག་ནས་གདོང་ལེན་གྱི་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དཔེར་ན། རྒྱ་ནག་གི་ཅ་དངོས་རྣམས་ཉོ་ཚོང་མ་བྱས་པའི་བརྒྱུད་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་དགོས་སྐོར་སོགས་གསུངས། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ཕྲན་རང་ཉིད་ལ་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ལྷག་པར་བོད་དོན་དང་བོད་མིའི་འཐབ་རྩོད་ཆེད་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་གཏུག་གནང་བ་སོགས་སྔ་ཕྱི་བར་གསུམ་དུ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ངས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་མིར་ཞབས་འདེགས་སྒྲུབ་པའི་སྐབས་དཀའ་ངལ་ལ་ཇི་ལྟར་གདོང་ལེན་བྱེད་ཕྱོགས་དང་། གནད་དོན་གལ་ཆེ་གང་གི་ཐོག་ལ་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་དང་། དེ་སྔ་འོས་བསྡུའི་སྐབས་ཁས་ལེན་གནང་བ་ལྟར། བོད་རྒྱ་ཞི་མོལ་སླར་གསོ་དང་། རྒྱལ་ཁབ་ ༢༥ ལྷག་ནང་གནས་པའི་བཙན་བྱོལ་བོད་མི་ན་གཞོན་རྣམས་ཀྱི་ནུས་ཤུགས་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཚང་མས་མཉམ་རུབ་ཀྱིས་ནུས་པ་གང་ཡོད་བཏོན་ཏེ་མགྱོགས་མྱུར་བོད་རྒྱའི་དཀའ་རྙོག་གསལ་དགོས་སྐོར་སོགས་གསུངས།
མཐར་འཕགས་པའི་འབྲེལ་མཐུད་ལས་ཁང་གི་ལས་བྱེད་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །
མཇལ་འཕྲད་ཀྱི་ཚོགས་འདུར་མཉམ་ཞུགས་གནང་མཁན་གྱི་མཚན་གཞུང་གཤམ་གསལ།
Shri Pankaj Goyal, Regional Convener for National Capital Region
Shri Phunsok Ladakhi, Regional Convener for Northern Region
Shri Rishi Kumar, Regional Convener for Northern Region
Shri Sundarlal Suman, Regional Convener for East & Central UP
Shri Ravi Bakshi, Regional Convener for Western UP & Uttarakhand
Shri Sudesh Kumar Chandravanshi, Regional Convener for Eastern Region
Shri Pema Wanda Bhutia, Regional Convener for Eastern Region
Smt. Ruby Mukherjee, Regional Convener for Eastern Region
Shri Soumyadeep Datta, Northeast Region
Shri Narender Choudhary, Regional Convener for North West Region
Shri Sandesh Meshram, Regional Convener for Western Region-I;
Dr. Mahendra Sanghpal, Regional Convener for Western Region-II;
Shri J. P. Urs, Regional Convener for South West Region
Shri Jacob David, Regional Convener for South East Region