༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་མཐོ་རླབས་གཉིས་པ་དེ་བཞིན་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཡང་ཁྱབ་གདལ་འགྲོ་བཞིན་པའི་ཛ་དྲག་དུས་སྐབས་སུ། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་ཞུས་ཏེ་ཁ་ཚ་དགོས་གཏུགས་ཀྱི་མཐུན་འགྱུར་གང་དགོས་ཞུས་པར་ཐོ་གཞུང་ཁ་གསལ་ཕེབས་དོན་ལྟར། དོན་གཅོད་ལས་ཁུངས་ནས་ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་སོགས་སྡེ་ཚན་ཁག་བཞི་ལ་རེ་སྐུལ་ཞུས་ཏེ་མི་ཆོས་རིང་ལུགས་ཀྱི་མཐུན་འགྱུར་རོགས་རམ་ཐོབ་པའི་དངོས་ཆས་རྣམས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ཆེད་གཏོང་གནམ་གྲུ་བརྒྱུད་གཏོང་ཐུབ་པ་བྱུང་ཡོད།དེ་ཡང་རྣམ་ཀུན་ནས་དོན་གཅོད་ལས་ཁུངས་ལ་རོགས་པ་རྒྱ་ཆེ་གནང་མཁན་སྦྱིན་བདག་ཨ་མ་ཝོང་ལགས་ཀྱིས་འབྲེལ་བ་གནང་སྟེ། བཙན་བྱོལ་སྤྱི་ཚོགས་ནང་སྔ་རྗེས་ཁྱོན་ཁ་རས་གྲངས་འབུམ་ལྔ་ལྷག་བཏང་ཡོད། ཐོག་མ་ཐའེ་ཝན་གཞུང་གི་གཏན་འབེབས་ལྟར་ཁ་རས་ཕྱི་ཕྱོགས་སུ་གཏོང་མི་ཆོག་པའི་དུས་སྐབས་སུའང་། ཁོང་གིས་ཉི་ཧོང་ནས་ཐད་ཀར་རྒྱ་གར་དུ་བཏང་ཡོད་པ་རེད།
ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་ནས་སྨན་ལས་ཁ་རས་བཟོ་གྲྭར་འབོད་སྐུལ་ཞུས་དོན་ལྟར། སྨན་ལས་ཁ་རས་འབུམ་གཅིག་རོགས་རམ་གནང་བ་རྒྱ་གར་དུ་གཏོང་གླ་ཐའེ་སྒོར་ ༢༨༦༧༢༠།༠༠ ཙམ་དོན་གཅོད་ལས་ཁུངས་ནས་ཐབས་འཚོལ་ཞུ་དགོས་ཀྱི་ཡོད་པ་རེད།དགའ་ལྡན་ཤར་རྩེ་ཆོས་ཚོགས་ནས་གཙོ་བོ་འགན་ཁུར་བླངས་ཏེ་དད་ལྡན་ཐའེ་ཝན་བ་ཁག་ཅིག་ལ་ཞལ་འདེབས་བསྡུས་ཏེ་ཐའེ་ཝན་ནང་མཁོ་སྒྲུབ་ཞུས་ཁོངས། སྨན་ལས་ཁ་རས་ཁྱོན་བསྡོམས་གྲངས་ ༡༣༧༥༥༠ དང་། N95 ཁ་རས་གྲངས་ ༡༠༠༠ ། དེ་བཞིན་འགོག་སྲུང་གྱོན་ཆས་ (PPE Kits)གྲངས་ ༡༩༠༠ ། གཞན་ཡང་སྲོག་རླུང་བཟོ་སྐྲུན་འཕྲུལ་ཆས་ (Oxgyen Concerntrator) དང་དེའི་གློག་ཤུགས་བརྗེ་པོ་བརྒྱབ་ཆེད་འཕྲུལ་ཆས་གྲངས་ ༡༤ རེ་བཅས་མ་གནས་ཁྱོན་ཐའེ་སྒོར་ ༡༤༩༦༢༠༠།༠༠ གོང་གསལ་བདལ་གླ་ཁྱོན་ཐའེ་སྒོར་ ༧༢༤༢༦༤།༠༠ དེ་བཞིན་ཁྲལ་སོགས་འབབ་ཐའེ་སྒོར་ ༡༤༢༠༠༠།༠༠ ལྷག་སོང་བ་བཅས་ཁྱོན་བསྡོམས་ཐའེ་སྒོར་ ༢༣༦༢༤༦༤།༠༠ ཙམ་གྱི་ཅ་དངོས་དང་གཏོང་གླ་སོགས་ཀྱི་འགྲོ་གྲོན་མཐུན་འགྱུར་སྦྱོར་སྤྲོད་གནང་ཡོད།ཐའེ་ཝན་དགེ་རྩ་ཚོགས་པ་ཞིག་བརྒྱུད་མཐུན་འགྱུར་གནང་ཕྱོགས་སྐོར་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་གཉིས་དང་། དགེ་རྩ་ཚོགས་པའི་ཚོགས་མི་གཉིས། ཅ་དངོས་གཏོང་ཡུལ་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་། ལྷོ་སྤྱི་ལས་ཁུངས་ཀྱི་ལྷོ་སྤྱི་དང་ལས་དྲུང་། འདི་ག་དོན་ཁང་གི་དྲུང་ཆེ་དང་རྩིས་པ་བཅས་དྲ་ལམ་ཐོག་ཚོགས་ཆུང་ཟུར་འཛུགས་གནང་སྟེ་རྒྱ་གར་དུ་མཁོ་སྒྲུབ་ཐུབ་པའི་ཅ་དངོས་རྣམས་ཕྱག་དངུལ་གཏོང་རྒྱུ་དང་། གཞན་ཅ་དངོས་རིགས་སིང་གྷ་པོ་ནས་གཏོང་རྒྱུའི་ཐག་གཅོད་བྱུང་བ་ལྟར། སྲོག་རླུང་བཟོ་སྐྲུན་འཕྲུལ་ཆས་(Oxgyen Concerntrator) གྲངས་ ༤༥ དང་། སྲོག་རླུང་ཡོ་ཆས་(Oxgyen Concentrator Nasal Tubes) གྲངས་ ༩༠༠ ལ་ཁྱོན་མ་གནས་ཨ་སྒོར་ ༤༡༨༠༡།༠༠ སོང་བ་ཐད་ཀར་སིང་གྷ་པོར་ནས་རྒྱ་གར་དུ་བཏང་ཡོད་པ་མ་ཟད། གཞན་སྨན་བཅོས་ཡོ་ཆས་རྒྱ་གར་ནས་མཁོ་ཉོ་ཆེད་ཧིན་སྒོར་ ༦༨༣༡༡༠༩།༠༠ ཡི་རོགས་དངུལ་ཐད་གཏོང་གནང་ཡོད།དེ་བཞིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་གཙོས་རིས་མེད་ཆོས་ཚོགས་དང་། ཚོགས་སྒེར་ཁག་ནས་ཀྱང་སྨན་བཅོས་ཡོ་ཆས་དང་། རོགས་དངུལ་ཕོན་ཆེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གནང་ཡོད།
ད་ཐེངས་ཐའེ་ཝན་ནས་མཐུན་སྦྱོར་གནང་བའི་སྨན་བཅོས་ཡོ་ཆས་ཁག་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གཅིག་གྱུར་བཀོད་མངགས་ལྟར། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ལྷོ་སྤྱི་ལས་ཁུངས་སུ་བཏང་སྟེ་བོད་མིའི་གཞིས་ཆགས་ཁག་ལ་བགོ་འགྲེམས་གནང་ཡོད་པ་དང་། དངོས་ཆས་རྣམས་རྒྱ་གར་དུ་འབྱོར་སྐབས་ཁྲལ་ཆགས་ཡང་དང་། ཅ་དངོས་ལེན་པ་སོགས་གོང་གསལ་ལས་ཁུངས་གཉིས་ནས་མཐུན་འགྱུར་དང་དཀའ་ལས་ནུས་པ་ཐོན་པ་གནང་ཡོད་ཅིང་། ནད་ཡམས་རྐྱེན་གྱིས་སྤྱིར་བཏང་སྦྲག་ཁང་བརྒྱུད་གཏོང་སའི་མཁའ་འགྲུལ་སོགས་གནས་སྐབས་སྒོ་བརྒྱབ་ཡོད་པས། དམིགས་བསལ་ཆེད་གཏོང་གནམ་གྲུ་བརྒྱུད་བདལ་གླ་ཧ་ཅང་གོང་ཆེན་པོ་ཤོར་ཡོད་པ་མཐུན་སྦྱོར་གནང་མཁན་གྱི་ཐའེ་ཝན་སྡེ་ཚན་ཁག་ལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཡིག་ཐོག་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།
ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྨན་བཅོས་ཡོ་ཆས་ཀྱི་མཐུན་འགྱུར་རྒྱ་ཆེ་གནང་བ།
གསར་གནས།
འབྲེལ་གནས།