༄༅། །རྒྱ་ནག་གིས་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར། ངོ་རྒོལ་གྱི་ཚུལ་དུ་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༠ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་ཅིག་བཞག་སྟེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་གཏན་ཁེལ་བའི་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་མཉམ་ཞུགས་བྱ་རྒྱུ་མེད་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་གྲོས་ཆོད་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་དང་བདེ་སྲུང་ལས་དོན་ཚོགས་ཆུང་གིས་ངོས་ལེན་གནང་ཡོད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་དང་བདེ་སྲུང་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་པ་ཝེལ་ཕི་སི་ཆེར་ (Pavel Fischer) མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་གྲོས་འཆར་བཏོན་གནང་ཡོད། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། ཆོས་དང་རིག་གཞུང་སོགས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་། དེ་བཞིན་རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་ཀྱི་ཁས་ལེན་ཞུས་པ་རྣམས་ཇི་བཞིན་ལག་བསྟར་བྱས་མེད་སྟབས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེ་བཞག་གནང་བ་ཞིག་རེད།
གྲོས་ཆོད་དེའི་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དང་ཆབ་སྲིད་ཚོགས་པ་སོགས་ཀྱི་སྐུ་ཚབ་རྣམས་ནས་རྒྱ་གཞུང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་སུ་འགྲན་ཞུགས་ཀྱི་ཆེད་དུ་མགྲོན་འབོད་ཞུས་པ་དེ་ངོས་ལེན་གནང་རྒྱུ་མེད་པའི་འབོད་སྐུལ་ཞུས་གནང་ཡོད།ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་དང་བདེ་སྲུང་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་པ་ཝེལ་ཕི་སི་ཆེར་མཆོག་གིས། རྒྱ་ནག་གིས་མུ་མཐུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཆོད་ཁག་ལ་བརྩི་སྲུང་བྱེད་ཀྱི་མེད་པ་མ་ཟད། བོད་དང་ཡུ་གུར་མི་རིགས་རྣམས་ལ་དྲག་གནོན་བྱེད་བཞིན་ཡོད། ཅེས་གསུངས།
ཅེག་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ར་བྷ་སི་ (Přemysl Rabas) མཆོག་གིས་ཅེག་གྲོས་ཚོགས་གོང་མའིི་ནང་གྲོས་ཆོད་བཞག་གནང་བ་ལྟར་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་གཞན་ཚོའི་ནང་དེ་ལྟར་གྲོས་ཆོད་འཇོག་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་། ངས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་དུས་རྟག་ཏུ་བོད་མིར་མཐུན་གྲོོགས་ཡོང་གི་རེད། ཅེས་ཁས་ལེན་ཞུས་ཡོད། དེ་རེས་ཀྱི་གྲོས་ཆོད་འདི་ཁས་ལེན་དེ་ཡིན་པ་སྟོན་གྱི་ཡོད། ཅེས་གསུངས།
ཅེག་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ཟུར་པ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཀེ་ཊི་རི་ན་ (Katerina Bursik Jacques) མཆོག་གིས་དུས་ཡུན་ཅུང་ཙམ་རིང་པོའི་རྗེས་དེ་རིང་བོད་དང་ཡུ་གུར་མི་མང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཐུབ་ཡོད། ཅེས་གསུངས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ནས་ད་བར་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར། སུད་སིིའི་སྐུ་ཚབ་དོན་གཅོད་ཁང་གིས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།