༄༅། འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། གདན་ས་ཆེན་པོ་སེ་ར་བྱེས་སྨད་གཉིས་ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་ཁྱབ་ཁོངས་སྦེང་ལོར་དང་མཻ་སུར་གཉིས་སུ་བཞུགས་པའི་བོད་རིགས་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སྨན་ཐུན་དང་པོ་རིན་མེད་སྨན་སྦྱིན་དུ་གནང་ཡོད།དེ་ཡང་ལྷོ་སྤྱི་ལས་ཁུངས་ཀྱིས་ཇི་ལྟར་རེ་འདུན་ཞུས་པ་བཞིན་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་དང་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ནས་ལྷོ་སྤྱིའི་ཁྱབ་ཁོངས་སྦེང་ལོར་དང་མཻ་སུར་གྲོང་ཁྱེར་གཉིས་སུ་གནས་པའི་སློབ་ཕྲུག་གཙོ་བོར་གྱུར་བའི་ཁ་ཐོར་མི་མང་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བཞེས་ཐུན་དང་པོ་རིན་མེད་སྨན་སྦྱིན་དུ་གནང་རྒྱུའི་ཞལ་བཞེས་བྱུང་དོན་བཞིན། མཻ་སུར་ཨཱེ་པཱོ་ལཱོ་སྨན་ཁང་ (Apollo Hospital) ལ་འབྲེལ་གཏུགས་བྱས་ཏེ་འགོག་ཁབ་རྒྱག་མཁན་རུ་ཁག་ཅིག་སྦེང་ལོར་དུ་ཆེད་འབོད་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༩ སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢ བར་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་རང་ལོ་ ༡༨ ནས་ ༤༤ བར་གྱི་མི་གྲངས་ ༣༣༥ དང་། རང་ལོ་ ༤༥ ཡན་མི་གྲངས་ ༤ བཅས་ཁྱོན་མི་གྲངས་ ༣༣༩ དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤ ཙམ་གྱི་བར་དུ་ཏཱ་ལའི་བླ་མ་མཐོ་སློབ་ཏུ་མཐོ་སློབ་ཀྱི་སློབ་ཕྲུག་དང་སྨན་རྩིས་མཐོ་སློབ་ཀྱི་དགེ་སློབ་བསྡོམས་མི་གྲངས་ ༢༣༨ བཅས་ཁྱོན་བསྡོམས་སྦེང་ལོར་དུ་མི་མང་ཞལ་གྲངས་ ༥༧༧ ལ་འགོག་ཁབ་ཐོབ་རྒྱུར་དཀའ་ངལ་ཅིས་ཆེ་འཕྲད་བཞིན་པའི་སྐབས་འདིར་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་ཏོག་དབྱིབས་ ༡༩ གཉན་རིམས་སྔོན་འགོག་གི་སྨན་ཁབ་ཐུན་དང་པོ་དེ་ལེགས་པར་བརྒྱབས་ཐུབ་པ་བྱུང་ཡོད། གལ་འགངས་ཆེ་བའི་ལས་དོན་འདི་ཡང་ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་དང་། བོད་ཁྱིམ་སྡོད་ཁང་གི་ལས་བྱེད། དྭང་བླངས་སློབ་ཕྲུག་དང་སྨན་ཞབས་པ། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལས་བྱེད། དེ་བཞིན་ས་གནས་གཞོན་ནུའི་ཚོགས་མི་བཅས་ཀྱིས་འགན་ཁུར་མཉམ་ལེན་དང་ཕྱར་གྲུ་མཉམ་འདེགས་གནང་བའི་ཐོག་ནས་ཚགས་ཚུད་ལེགས་གྲུབ་བྱུང་ཞིང་། སེར་སྨད་ཕྱག་མཛོད་ཁྲི་པ་དགེ་བཤེས་བློ་བཟང་དབྱིགས་གཉེན་ལགས་དང་། སེར་བྱེས་ཕྱག་མཛོད་ཁྲི་པ་དགེ་བཤེས་ངག་དབང་བཟང་པོ་ལགས་རྣམ་གཉིས་ཀྱང་ཆེད་མངགས་སྦེང་ལོར་དུ་ཕེབས་ཏེ་ལས་འགུལ་ནང་མཉམ་ཞུགས་ཀྱིས་གཟིགས་རྟོགས་དང་ཕྱག་རོགས་གང་ལེགས་གནང་།
མེ་སཽར་གྲོང་ཁྱེར་དུ་ཡོད་པའི་སློབ་ཕྲུག་ ༥༦ ལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་རོགས་དངུལ་དང་ཧོན་སུར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཐུན་འགྱུར་དབང་གིས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སྨན་ཐུན་དང་པོ་ཐོབ་ཡོད་ལ། མེངྒ་ལོར་དུ་ཡོད་པའི་སློབ་ཕྲུག་ ༣༠ སྐོར་ལ་སེར་བྱེས་མཁས་སྙན་གྲྭ་ཚང་གིས་རོགས་རམ་གནང་གཏན་འཁེལ་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། །