༄༅། །ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་དང་ཀུན་རྡོར་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་འོག་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་རིན་མེད་བརྒྱབ་ཐུབ་པ་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༩ དང་ ༢༠ བཅས་ཉིན་གྲངས་གཉིས་རིང་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཁྱིམ་ཉིན་སློབ་ཁང་དུ་རང་ལོ་ ༡༨ ནས་ ༤༤ བར་གྱི་བོད་མི་གྲངས་ ༣༩༠ ལྷག་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབ་ཡོད།ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་དེ་བཞིན་ཀུན་རྡོར་རིན་པོ་ཆེ་མཆོག་གི་མཐུན་འགྱུར་འོག་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། སྨན་ཞབས་པ་ཉི་མ་དབྱངས་ཅན་ལགས། སྐུ་ཞབས་ཝི་ཀཱ་སི་དྷ་གཱར་ (Mr. Vikas Dagar) ལགས་བཅས་ཐུན་མོང་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་བཅས། །