༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༨ ཉིན་དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཕྱོགས་སྐོར་ལམ་སྟོན་ཕེབས་དོན། ད་ལྟའི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ཛ་དྲག་གནས་སྟངས་ལས་གྲོལ་མེད་སྟབས། འཛིན་སྐྱོང་བཀའ་ཤག་དང་། དགོན་སྡེ། ཚོགས་སྒེར་བཅས་ནས་ཐུགས་འགན་ཆེ་བཞེས་ཀྱིས་སྔོན་ཁབ་རྒྱག་རྒྱུ་གཙོས་དཀའ་ངལ་སེལ་ཐབས་གནང་མུས་དང་། ཧི་མ་ཅལ་གཞུང་གི་བཀོད་ཁྱབ་གཞིར་བཟུང་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་ཚོགས་ཁང་ནང་མི་གྲངས་ ༥༠ ལས་མང་བ་འདུ་འཛོམས་མི་ཆོག་པའི་ལམ་སྟོན་བཀོད་ཁྱབ་ཡོད་མུས་སོང་།
ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མང་ཚོགས་འདུ་འཛོམས་ཀྱིས་མཛད་སྒོ་འཚོགས་མ་དགོས་པར་ས་གནས་དང་དགོན་སྡེ་སོ་སོ་ནས་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྡལ་རྟེན་གསུམ་འདེགས་འབུལ་དང་རྟེན་འབྱུང་འཇལ་དར་སྒྲོན་འབུལ་ཞུས་ན་འཐུས་རྒྱུ་དང་།
ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན་བཞིན་དེའི་ཉིན་སྤྱན་རས་གཟིགས་ཀྱི་གཟུང་སྔགས་མ་ཎི་ཡིག་དྲུག་ཉུང་མཐར་ཕྲེང་འཁོར་བཅུ་རེ་མི་རེ་ངོ་རེ་ནས་ངེས་པར་སྨིན་སྒྲུབ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་དེ་ཉིན་འཛམ་གླིང་ཡོངས་ལ་༸རྒྱལ་བའི་འཁྲུངས་སྐར་གྱི་མཛད་སྒོའི་ལས་རིམ་ཆ་ཚང་ཐད་སྲིང་ཞུ་རྒྱུ་ཡིན་ན། རང་ཁྱིམ་དུ་བཞུགས་ནས་མཛད་རིམ་ཆ་ཚང་གཟིགས་ན་འཁྲུངས་སྐར་གྱི་མཛད་རིམ་ལ་མཉམ་ཞུགས་གནང་བའི་ངོ་བོ་མཚོན་ཐུབ་ཀྱི་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་སོ་སོའི་སྔོན་འགོག་ལམ་སྟོན་གཞིར་བཟུང་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་དགོས་པ་བཅས། །