༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ བར་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་གནང་ཡོད།
སྐབས་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony Blinken) མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསུང་དོན། རྒྱ་ནག་གིས་གཞི་རྒྱ་ཆེ་བའི་སྒོ་ནས་ཆོས་དད་སྨྲ་བརྗོད་རང་དབང་ནག་ཉེས་ཅན་དུ་རྩི་བཞིན་ཡོད་པ་མ་ཟད། མུ་མཐུད་ཡུ་གུར་ཁ་ཆེ་དང་། དེ་བཞིན་ཆོས་དད་བྱེད་མཁན་གཞན་དང་གྲངས་ཉུང་མི་རིགས་ཁག་རྩ་གཏོར་གཏོང་བཞིན་ཡོད། ཅེས་དང་།
གཞན་ཡང་ཁོང་གིས། རྒྱ་ནག་གི་དབུས་ཆོས་ལུགས་སྔོན་འགོག་དང་དོ་དམ་ཁང་ (Central Leading Group Preventing and Dealing with Heretical Religions) གི་འགན་འཛིན་ཟུར་པ་ཡུ་ཧེ་ (Yu Hui) ཡིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་ཡོད་སྟབས། ཡུ་ཧེ་གཙོས་ཁོང་གི་ནང་མི་བཅས་ཨ་རིར་ཡོང་མི་ཆོག་པའི་གསལ་བསྒྲགས་གནང་ཡོད། ཕྱི་ལོ་ ༢༠༢༠ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེའི་ནང་རྒྱ་ནག་དང་འབྲེལ་བའི་ཚན་པ་ཞིག་གི་ནང་བོད་དང་། ཧོང་ཀོང་། ཡུ་གུར། མཱ་ཁོ་བཅས་ཚུད་ནས་འཁོད་པ་ལྟར་ན། རྒྱ་ནག་གི་རྩ་ཁྲིམས་ནང་རྒྱ་ནག་གི་མི་སེར་རྣམས་ལ་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་པ་འཁོད་ཡོད་པ་མ་ཟད། སྤྱིར་བཏང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཉམས་ལེན་བྱེད་ཆོག་པ་འཁོད་ཡོད་ཀྱང་། སྤྱིར་བཏང་ཟེར་བའི་ཐ་སྙད་དེར་འགྲེལ་བཤད་བརྒྱབ་མེད།
གཞན་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་དང་། ཡེ་ཤུ། ཁ་ཆེ། བོད་མི་ནང་པ་རྣམས་ལ་ལས་ཀ་དང་ཚོང་ལས་སོགས་ཀྱི་གོ་སྐབས་སྤྲོད་སྐབས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་མ་ཟད། བོད་དང་ཡུ་གུར་གྱི་སྐད་ཡིག་དང་རིག་གཞུང་ལ་དམ་བསྒྲགས་དང་། ཧན་མི་རིགས་དང་རིག་གཞུང་ཐབས་ལམ་སྣ་ཚོགས་བརྒྱུད་གོང་མཐོར་གཏོང་གི་ཡོད་པ་འཁོད་ཡོད།
དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཟེར་བའི་ནང་དགོན་པ་ཁག་གཅིག་གིས་ཁྲིམས་འགལ་གྱིས་བྱེད་སྒོ་སྤེལ་བའི་ཉེས་མིང་འོག་དགོན་པ་ཁག་གཅིག་སྒོ་བརྒྱབ་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་དགོན་སྡེ་དེ་དག་སྒོ་བརྒྱབ་པའི་དམིགས་ཡུལ་གཙོ་བོ་ནི། མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་གྲྭ་བཙུན་ ༡༥༠༠༠ ཙམ་ཕྱིར་འབུད་དང་། བླ་རུང་སྒར་གཞི་རྒྱ་ཆེ་བ་ཞིག་གཏོར་བཤིག་བཏང་ཡོད་པ་སོགས་འཁོད་འདུག་པ་བཅས།།