༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༠ ཉིན་ཡུ་རོབ་བྷལ་ཊིག་མཚོ་ངོགས་ཁུལ་གྱི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་(Lithuanian Parliamentary Tibet Group) དྲ་ལམ་བརྒྱུད་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། དྲ་ཐོག་གི་ཚོགས་འདུའི་སྟེང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་ (Laima Andrikiene) མཆོག ཨི་སི་ཏོ་ནི་ཡའི་བོད་དོན་ལས་འགུལ་འབྲེལ་མཐུད་པ་སྐུ་ཞབས་རོཡེ་སི་ཌ་ཡེཌར་ (Roy Strider) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ (Mr. Vincent Metten) ལགས། དེ་བཞིན་ཡུ་རོབ་བྷལ་ཊིག་མཚོ་ངོགས་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་ཡོད། དེ་ཡང་བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་གིས། བོད་ནི་དབང་སྒྱུར་བྱས་པའི་ལུང་པ་ཞིག་ཡིན་པ་དང་། བོད་མི་རྣམས་གྲངས་ཉུང་མི་རིགས་མ་རེད། ཅེས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་འདོད་མོས་ལ་ཁ་གཏད་དུ་ལངས་ནས་འདས་པའི་ལོ་ངོ་ ༧༠ རིང་དབང་སྒྱུར་བྱས་ཤིང་། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་ནང་གི་དབང་སྒྱུར་མཚམས་འཇོག་བྱེད་དགོས་ཀྱི་ཡོད་ཀྱང་བོད་རྒྱའི་དངོས་ཡོད་ཀྱི་གནད་དོན་ཐོག་གླེང་སློང་གནང་གི་ཡོད་པ་མ་རེད། ཅེས་གསུངས།གཞན་ཡང་ཁོང་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་ཐོག་བདག་དབང་གི་ཐོབ་ཐང་མེད་ལ། བོད་ནི་དབང་སྒྱུར་བྱས་པའི་ལུང་པ་ཞིག་རེད། ཁྲིམས་ལུགས་ཐོག་ནས་བཤད་ནའང་བོད་རྒྱའི་གནད་དོན་རྒྱལ་སྤྱིའི་གནད་དོན་ཡིན་ཞིང་། བོད་རྒྱ་ཆེ་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཡོད། བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མིན་ལ། བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ལ་རྩི་རྒྱུ་ཡོད་པ་མ་རེད། ཅེས་གསུངས།
སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཁོང་དང་མེག་བྷོལ་ཇེས་ (Miek Boltjes) ལགས་ཀྱིས་གསར་དུ་བརྩམས་གནང་བའི་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནད་བསྡུས་ (Tibet brief 2020) ཞེས་པའི་དཔེ་དེབ་གཞིར་བཞག་ཐོག་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྟེང་དོན་ཚན་བཞི་ཅན་གྱི་དགོངས་ཚུལ་གསུངས་ཡོད།
དེ་ཡང་དོན་ཚན་དང་པོ། ཚོགས་བཅར་བ་རྣམས་ནས་སོ་སོའི་རྒྱལ་ཁབ་ཀྱི་གཞུང་ལ་བོད་ནི་དབང་སྒྱུར་བྱས་པའི་ལུང་པ་ཞིག་ཡིན་པ་དང་། བོད་རྒྱའི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཡིན་ཞིང་། བོད་མི་རྣམས་དབང་སྒྱུར་བྱས་པའི་མི་རིགས་ཡིན་པ་ལས་གྲངས་ཉུང་མི་རིགས་མིན་པའི་ཐ་སྙད་བེད་སྤྱོད་བྱེད་འཇུག་དགོས་པ།གཉིས་པ། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་གིས་ཐུགས་འཚབ་ཀྱིས་གླེང་སློང་གནང་དགོས་པ་གལ་ཆེན་པོ་ཡིན་ཡང་། བོད་ཀྱི་དངོས་ཡོད་ཀྱི་དཀའ་རྙོག་མ་སེལ་ནས་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་བ་ཡིན་ན། དེས་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་ངོས་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད།
གསུམ་པ། རྒྱལ་ཁབ་སུ་གང་གིས་ཀྱང་བོད་མིར་དམིགས་བསལ་གྱི་དབང་བའི་ཐོབ་ཐང་ཁག་རྒྱ་ནག་ལ་སྤྲོད་རྒྱུ་མེད་པ་དང་། དེ་ལྟར་གནང་བ་ཡིན་ན་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་གསལ་བར་གོ་སྐབས་ཉུང་དུ་འགྲོ་ཡི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལའང་རྩིས་མེད་རྡོག་རོལ་གཏོང་གི་ཡོད།
བཞི་པ། བོད་ཀྱི་རང་བྱུང་ཐོན་ཁུངས་རྣམས་བོད་མིར་དབང་གི་ཡོད་པ་ལས་རྒྱ་ནག་ལ་དབང་གི་མེད། རྒྱ་ནག་གིས་བོད་ཀྱི་རང་བྱུང་ཐོན་ཁུངས་ལས་བཟོས་པའི་དངོས་རྫས་རྣམས་བོད་མིའི་བཀའ་འཁྲོལ་མེད་པར་རྒྱལ་ཁབ་ཁག་གིས་ཉོ་ཚོང་བྱེད་རྒྱུ་མེད། ཅེས་སོགས་ཀྱི་དགོངས་ཚུལ་གསུངས་ཡོད།
སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་བོད་ཀྱི་ཁྲིམས་དང་ཆབ་སྲིད་ཀྱི་ཐད་ལ་ཞབས་འདེགས་རླབས་ཆེན་ཞུས་གནང་ཡོད་པ་མ་ཟད། ཉེ་བའི་ཆར་ཁོང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་འཁྱོག་བཤད་ལ་གཞི་མ་བཅོལ་བར་དྲང་བདེན་གྱི་ཁ་ཕྱོགས་ཤིག་ལ་སྒྱུར་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས།།