༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༤ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོར་དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིནགྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་ཆེ་བ་བཞིན། བྱེས་སུ་བོད་མི་རྣམས་ནས་མང་གཙོའི་ལམ་བཟང་ལོངས་སུ་སྤྱོད་བཞིན་པ་ལྟར་གྱི་དབུས་འོས་བསྡུ་ལས་ཁང་ནས་བཅའ་སྒྲིག་དགོངས་དོན། ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ནས་དངོས་སུ་འགོ་འཛུགས་ཞུས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་བཅས་ཀྱི་ལས་དོན་ཁག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ཐོག་མཐའ་བར་གསུམ་དྲན་བདེན་དང་། འདྲ་མཉམ། རང་དབང་ངང་ནས་ལེགས་བསྒྲུབས་ཐུབ་པ་བྱུང་བར། དབུས་སའི་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། ཟུར་དཔང་། ལས་བྱེད་བཅས་ནས་ཧུར་བསྐྱེད་གནང་བར་བསྔགས་བརྗོད་དང་། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ཡོངས་ལ་ལེགས་གསོལ་ཞུ་རྒྱུ་ཡིན།འོས་བསྡུ་ཆེན་མོའི་དུས་རིམ་གཏན་འབེབས་བཞིན། དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༩ དང་། དོན་ཚན་ ༥༢ པའི་དགོངས་དོན། བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམསཀྱི་མཚན་གཞུང་རྒྱ་ཁྱབ་གསལ་བསྒྲགས་ཞུ་རྒྱུར།
༡། འདི་ལོ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་སུ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉེན་རིམས་ ༡༩ ཚབས་ཆེ་མནར་ཏེ་འཛམ་གླིང་ཁྱོན་ཡོངས་ནང་མི་རྒྱུ་གཉིས་ལ་གཞལ་དཀའ་བའི་དཀའ་ཚེགས་རིམ་བསྟུད་བྱུང་ཡང་། བྱེས་འཁོད་རང་རིགས་རྣམས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས། འཛམ་གླིང་རྒྱལ་ཁབ་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ འོག་འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༠༦ ནང་དབུས་སའི་ས་གནས་འོས་བསྡུའི་ཚོགས་མི་དང་། ཟུར་དཔང་། ལས་བྱེད་བཅས་ཁྱོན་བསྡོམས་མི་གྲངས་ ༢༠༡༤ ནས་གཉེན་འཕྲང་ཆག་འཇིགས་ཀྱི་དུས་འདིར་ངལ་བ་ཁྱད་བསད་ཀྱིས་འོས་བསྡུའི་ལས་དོན་ཡོངས་རྫོགས་སྒྲིག་མཐུན་ལེགས་བསྒྲུབས་ཐུབ་པ་བྱུང་བ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཕུལ་ཐུབ་པ་དང་། མང་ཚོགས་ཀྱི་མངོན་འདོད་བཞིན་བསྟན་སྲིད་ཀྱི་ཞབས་འདེགས་འོས་བསྡུའི་ལས་དོན་གཟེངས་སུ་ཐོན་པ་ཞུས་ཐུབ་པ་བྱུང་ཡོད།
༢། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་གསུམ་པའི་དགོངས་དོན་ལྟར་གྱི་འོས་བསྡུའི་ལས་དོན་ཡོངས་རྫོགས་དྲན་བདེན་འབྱུང་ཆེད། ས་གནས་འོས་བསྡུའི་ཚོགས་མི་རྣམས་འོས་བསྡུའི་ལས་དོན་ཁོ་ནའི་ཆེད་གསར་འདེམས་ཞུས་ཏེ་རྨང་གཞི་སྲ་བརྟན་ཐོག་གོམས་པ་མདུན་སྤོས་ཞུ་ཐུབ་པ་བྱུང་ཡོད།
༣། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དང་། འབྲེལ་ཡོད་ཚོགས་ཆུང་གི་རྒྱབ་གཉེར། དུས་ཀྱི་དགོས་མཁོ་བཅས་ལ་གཟིགས་ཏེ་འདི་ལོ་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ དགོངས་དོན། འོས་འཕེན་པའི་མིང་གཞུང་གསར་པ་དེབ་འགོད་ཡོངས་རྫོགས་གློག་ཀླད་ནང་འཇུག་འགོད་གཙང་སྒྲིལ་ཐུབ་པ་འདིས། མ་འོངས་པར་འོས་བསྡུའི་ལས་དོན་གྱི་རྨང་གཞི་ཙམ་དུ་མ་ཟད་གཞུང་འབྲེལ་ཡིག་ཆ་གལ་ཆེ་ཞིག་བཟོ་འགོད་ཐུབ་པར་འབྲེལ་ཡོད་དབུས་ཀྱི་ལས་བྱེད་དང་། ས་གནས་འོས་བསྡུའི་འགན་འཛིན། དེབ་འགོད་འགན་འཛིན་ཡོངས་ལ་ལེགས་གསོལ་ཞུ་རྒྱུ་ཡིན།
༤། དངོས་གཞིའི་འོས་བསྡུ་ཆེན་མོར་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་གྲངས་ ༨༣,༠༨༠ བྱུང་བ་ནས་སྲིད་སྐྱོང་ཀྱི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྲངས་ ༦༣,༩༩༡ བྱུང་བས་ཆ་སྙོམས་འོས་འཕེན་པའི་བརྒྱ་ཆ་ ༧༧་༠༢ ཆགས་ཡོད་པ་དང་དེ་ཁོངས་འོས་ཤོག་རྩིས་མེད་གྲངས་ ༦༠༤ བྱུང་འདུག་པ་ནི། འདས་པའི་འོས་བསྡུའི་ལས་རིམ་ནང་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་འོས་འཕེན་ཆ་ཤས་བཞེས་མཁན་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད།
༥། འོས་བསྡུ་ཆེན་མོར་སྨན་པར་ཨ་རིའི་ IFES རོགས་ཚོགས་ཀྱི་རོགས་རམ་འོག་འོས་བསྡུའི་ཤེས་བྱ་ཡར་རྒྱས་དང། ས་གནས་ཡོངས་ལ་འོས་སྒམ་གསར་བསྐྲུན། ཟབ་སྦྱོང་སོགས་ཀྱི་ལས་དོན་སྒྲུབ་རྒྱུར་དཔལ་འབྱོར་རྒྱབ་རྟེན་ཕན་ཐོགས་ཅི་ཆེ་བྱུང་བར་ཐུགས་རྗེ་ཆེ་ཞུ།
༦། ཐེངས་འདིའི་འོས་བསྡུ་ཆེན་མོའི་སྐབས། འོས་གཞིར་བཞེངས་མཁན་རྣམས་ནས་སྒྲིག་མཐུན་རམ་འདེགས་གང་ལེགས་གནང་སོང་ནའང་། རང་འགུལ་ཡིན་ཁུལ་རིགས་གཅིག་ནས་སྤྱི་ཚོགས་དྲ་ལམ་སོགས་ཀྱི་བརྒྱུད་འགན་མེད་འཆལ་གཏམ་དབྱེན་སྦྱོར་མི་ཉུང་བ་ཞིག་སྤེལ་སོང་བས། རང་རིགས་ཡོངས་ནས་རང་ངོ་འཕྲོད་པའི་ཐོག་ནས་འཐབ་རྩོད་པའི་སྤྱི་ཚོགས་རྣལ་མ་ཞིག་བྱ་རྒྱུ་དུས་ཀྱི་དགོས་མཁོར་མངོན།
༧། རྒྱ་ཆེ་མང་ཚོགས་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་གཅིག་དང་། སྤྱི་འཐུས་གྲངས་ ༤༥ གསར་འདེམས་ལེགས་བསྒྲུབས་བྱུང་ཡོད། འདེམས་ཐོན་བྱུང་བ་རྣམས་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་ཐོག། ཆིག་སྒྲིལ། སྐྱིད་སྡུག་མཉམ་མྱོང་། མི་རིགས་གཅིག་གི་འདུ་ཤེས་འོག་བོད་མི་ས་ཡ་དྲུག་གི་སྙིང་ལ་བརྣག་པའི་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་གལ་ཆེའི་ལས་དོན་ཐོག་འབད་དགོས་རེ་འདུན་ཞུ་རྒྱུ་དང་། དེ་དེ་བཞིན་དུ་སྒྲུབ་པའི་སྨོན་འདུན་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༡ ཟླ་ ༥ ཚེས་ ༡༤ ལ།།