༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ རེས་གཟའ་ཕུར་བུའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་སྤེན་པ་ཆེ་རིང་མཆོག་གི་དམ་འབུལ་མཛད་སྒོར་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་དོན། དེ་རིང་འདིར་གཙོ་ཆེ་ཤོས་མི་མང་གི་འོས་འདེམས་བྱས་ནས་ཐོན་པའི་སྲིད་སྐྱོང་གསར་པ་དང་། འདས་པའི་ལོ་ཤས་རིང་སྲིད་སྐྱོང་གི་ལས་འགན་འཁྱེར་མཁན་སྲིད་སྐྱོར་ཟུར་པ་བཅས་ཁྱེད་གཉིས་གཙོ་བོ་གྱུར་པའི་གྲོགས་པོ་ཚང་མར་ཞུ་རྒྱུར། ང་ཚོ་བོད་ནི་ལོ་རྒྱུས་ལྡན་པའི་མི་རིགས་གཅིག་ཆགས་ཡོད་པས་དེ་བསུབ་རྒྱུ་མེད་པ་ཞིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་དང་། ལྷག་པར་མངའ་བདག་ཁྲི་རལ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རིང་བོད་པའི་སྒྲིག་འཛུགས་ཤིག་ཡོད།
ལོ་རྒྱུས་ཡུན་རིང་པོ་ཕྱིན་པའི་སྒྲིག་འཛུགས་ཤིག་ཆགས་སྟབས་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་དང་པོའམ་ཕལ་ཆེར་ལོ་གཉིས་པའི་ནང་སྤྱི་འཐུས་འཛུགས་རྒྱུའི་ཐོག་རྡོ་རྗེ་གདན་དུ་ཚོགས་འདུ་ཆེན་པོ་ཞིག་ཚོགས་པ་རེད། སྐབས་དེར་སྤྱི་འཐུས་བཙུགས་དགོས་ཀྱི་འདུག་ཅེས་འབོད་སྐུལ་དང་སྦྲགས་བཙུགས་པ་རེད། གང་ལྟར་རིམ་པས་སྒྲིག་འཛུགས་ཡོད་པ་དེ་ཉིད་མང་གཙོའི་ལམ་དུ་འགྲོ་བ་དེ་འཁྲབ་བཞག་པ་གང་ཡང་མིན་པར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མང་གཙོ་ཡང་དག་པར་ཕྱིན་པ་རེད།
རྒྱ་མི་གུང་ཁྲན་གུ་དོག་པོ་ཚོའི་གྲས་ཀྱིས་ཞིང་བྲན་ལམ་ལུགས་དང་ལུགས་སྲོལ་རྙིང་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ལ་བོད་ནང་དུ་རང་དབང་མེད། བཙན་བྱོལ་དུ་བོད་མི་འབུམ་ལྷག་ཙམ་ཡོད་པ་དེ་དག་ལ་རང་དབང་གང་འཚམ་ཡོད་སྟབས། དེའི་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་ཤིག་ཡོད་པ་དང་། སྒྲིག་འཛུགས་དེ་ཡང་མང་གཙོའི་ལམ་དུ་མཐར་ཕྱིན་པ་ཞིག་ཕྱིན་ཡོད་པ་འདི་ལྟར་རེད། དེ་རིང་འདིར་སྲིད་སྐྱོང་གསར་པ་དང་སྲིད་སྐྱོང་རྙིང་པ་བཅས་ཁྱེད་གཉིས་ལ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཟེར་གྱི་ཡིན། ཧུར་ཐག་འབད་ཐག་བྱས་པ་རེད། འབྱུང་འགྱུར་མུ་མཐུད་ནས་སྒྲིག་འཛུགས་འདིའི་ཐོག་ནས་མང་གཙོའི་ལམ་དེ་ཡང་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་དམིགས་བསལ་ཆགས་ཀྱི་ཡོད། བཅོམ་ལྡན་འདས་ཀྱི་འདུལ་བའི་ཁྲིམས་ཀྱི་འགྲོ་སྟངས་ཤིག་ཡོད། གང་ལྟར་མཁན་པོས་ཐག་གཅོད་རྒྱུ་མེད། གསོལ་བཞིའི་ལས་ཞེས་གསོལ་བ་སྔོན་དུ་བཏང་ནས་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པ། བརྗོད་པ་གསུམ་པ་བཅས་མང་མོས་རང་གི་ཐོག་ནས་ཐག་གཅོད་རྒྱུ་འདུལ་བའི་འགྲོ་སྟངས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ལམ་སྟོན་གནང་ཡོད། ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ཀྱང་དེ་སྔའི་གནས་ཚུལ་ཁག་ཁག་རེད། ངོས་ལ་ཆ་བཞག་ན་ཆབ་སྲིད་ཀྱི་ལས་འགན་བཞག་པ་རེད། ང་ཚོའི་ཆབ་སྲིད་ཀྱི་འགན་འདི་མང་གཙོའི་འོས་བསྡུའི་ཐོག་ནས་ཡོང་རྒྱུ་བཟོས་ཏེ་ད་བར་ཧ་ཅང་ཡག་པོ་ཡིན། ཚང་མས་ཧུར་ཐག་གནང་བ་རེད། སྲིད་སྐྱོང་གསར་རྙིང་གཉིས་དེ་རིང་འདིར་འཛོམས་པར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འབྱུང་འགྱུར་མུ་མཐུད་ནས་འདི་ལྟར་འགྲོ་བའི་སྐབས་དུས་ཀྱི་འགྱུར་བ་ཆེན་པོ་འགྲོ་བཞིན་འདུག རྒྱ་ནག་རང་ལ་ཆ་བཞག་ན་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད། ཆེ་ས་ནས་བོད་ཀྱི་གནད་དོན་འདི་དབུ་མའི་ལམ་གྱི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་རྒྱ་མིའི་ངོས་ནས་བསམ་བློ་ཏོག་ཙམ་གུ་ཡངས་པོ་བཏང་ན་ང་ཚོས་འདིར་གཉིས་ཕན་གྱི་འགྲོ་སྟངས་ལམ་སྟོན་བྱས་ཡོད། བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་འདི་དངོས་འབྲེལ་འཛམ་གླིང་སུས་བལྟས་ཀྱང་མང་གཙོ་ཡང་དག་པའི་སྒང་ལ་འགྲོ་བཞིན་ཡོད་པ་དང་། དེའི་ཐོག་ལ་ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་ལས་མེད་ནའང་འདི་ནས་བོད་ཀྱི་ཆོས་དང་རིག་གཞུང་སོགས་བདག་པོ་བརྒྱབ་ནས་གནས་ཡོད། བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཀྱི་ཡོད། ས་ཆ་ཁུག་ཀྱོག་དེ་འདྲར་དགོན་པ་ཁ་ཤས་ཀྱིས་གང་ཡོང་ཅི་ཡོང་གིས་བདག་པོ་བརྒྱག་པ་དང་སློབ་གཉེར་བྱེད་བཞིན་ཡོད་པ་ལས་སྤྱི་ཡོངས་ཀྱི་ཐོག་ནས་བོད་ནང་ཧ་ཅང་དམ་བསྒྲགས་ཆེན་པོ་རེད།
བཙན་བྱོལ་དུ་ཡོད་པ་རྣམས་ཀྱིས་དངོས་གནས་དྲང་གནས་སོ་སོའི་གཅེས་ནོར། སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་པའི་ཆོས་རིགས་པ་དང་ལྡན་པ། ཚན་རིག་དང་མཐུན་པའི་སངས་རྒྱས་ཀྱི་ཆོས་འདི་ང་ཚོས་བདག་པོ་བརྒྱག་གི་ཡོད། གདན་ས་ཚོའི་ད་བར་སློབ་གཉེར་ཧུར་ཐག་གནང་བ་རེད། གང་ལྟར་འཛམ་གླིང་འདིའི་སྟེང་དེ་སྔ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་མཁན་མེད་པ་མ་ཟད་འབྲེལ་བ་གང་ཡང་མེད། བོད་པའི་སངས་རྒྱས་པའི་ཆོས་ལ་བླ་མའི་ཆོས་ (Lamaism) ཞེས་མིང་བཏགས་ཏེ་འདི་འདྲའི་སྟེང་འགྲོ་བཞིན་པ་རེད། འོན་ཀྱང་ང་ཚོ་བཙན་བྱོལ་དུ་སླེབས་ནས་རིམ་བཞིན་བདེན་པའི་གནས་ཚུལ་གསལ་པོ་ཆགས་ཡོང་དུས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རིགས་པ་དང་ལྡན་པ་རེད་འདུག རྨོངས་དད་ཀྱི་སྐད་ཆ་ཁྱོན་ནས་མ་རེད་ཅེས་ཤེས་ཡོན་ཅན་མང་པོས་བཤད་ཀྱི་འདུག
དེའི་དཔང་པོ་ནི་བར་སྐབས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནས་ང་ཚོས་ཚན་རིག་དང་ལྷན་གོ་བསྡུར་དང་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། གདན་སའི་སློབ་ཚན་ནང་ཚན་རིག་སློབ་སྦྱོང་བྱེད་རྒྱུར་བཙུགས་ཏེ་ང་ཚོར་སྤོབས་པ་ཡོད། ང་ཚོ་རིགས་པའི་ཐོག་ནས་འགྲོ་བ་མ་གཏོགས་རྒྱ་མིས་བཤད་པ་ལྟར་རྨོངས་དད་བྱས་ནས་འགྲོ་གི་མེད། དེར་བརྟེན་ང་ཚོ་བཙན་བྱོལ་བ་ཉུང་ཤས་ལས་མེད་ཀྱང་གཙོ་བོར་རྒྱ་གར་རང་དབང་ལུང་པ་རེད། བོད་དང་ཐུན་མིན་གྱི་འབྲེལ་བ་ཡོད། ལྷག་པར་ནེཧ་རུ་བཞུགས་པའི་སྐབས་ནས་དམིགས་བསལ་གྱིས་བོད་མིར་ཐུགས་སྣང་གནང་སྟེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
བོད་ཀྱི་ཆོས་དང་རིག་གཞུང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཚན་རིག་དང་མཐུན་པ་འདི་བོད་མིས་ད་བར་རྒྱ་གར་ནང་གཙོ་བོར་གདན་ས་ཚོས་བདག་པོ་བརྒྱབ་ཡོད། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་གསུངས་པ་ལྟར་སློབ་གཉེར་བྱས་པ་རྣམས་ལག་ལེན་དུ་བསྐྱལ་ནས་འགྲོ་རྒྱུ་མ་གཏོགས་གཞན་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་མེད། ཅེས་གསུངས་པ་འདི་རེད། དེར་བརྟེན་ང་ཚོས་ད་བར་ཧུར་ཐག་གནང་བ་རེད། འབྲེལ་ཡོད་ཆང་མར་དེ་རིང་གོ་སྐབས་འདི་བརྒྱུད་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་སྐྱོང་གསར་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་སྲིད་སྐྱོང་རྙིང་པས་ད་བར་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། །