༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཁོར་ཡུག་ལས་འགུལ་བ་གྲགས་ཅན་སྐུ་ཞབས་སུནྡར་ལལ་བྷ་ཧུ་གུ་ན་(Sunderlal Bahuguna) ལགས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་དགུང་གྲངས་ ༩༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ངོས་ཀྱིས་དམ་པ་དེ་ཉིད་ཀྱི་ནང་མི་དང་གྲོགས་པོ། དེ་བཞིན་དམ་པ་ཁོང་ལ་དགའ་མོས་གནང་མཁན་བཅས་ལ་ཐུགས་གསོ་དང་། དམ་པ་ཁོང་ལ་ཐུགས་སྨོན་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་འཚེ་མེད་ཞི་བའི་ཐབས་ལམ་གཙོ་བོ་གཞིར་བཞག་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་གནང་བར་ངོས་ཀྱིས་ཧ་ཅང་རྗེས་སུ་ཡི་རང་ཞུ་གི་ཡོད།
སྐུ་ཞབས་སུནྡར་ལལ་བྷ་ཧུ་གུ་ན་ལགས་ནི། རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏྟར་ཁཎྜ་ (Uttarakhand) མངའ་སྡེའི་གྷར་ཝལ་རྫོང་(Garwhal) དུ་འཁྲུངས་ཤིང་འཚར་ལོངས་བྱུང་བ་དང་། དམ་པ་ཁོང་གིས་ཤིང་ནགས་དང་། གཙང་པོ། དེ་བཞིན་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་ཤེས་རྟོགས་བྱུང་བ་ཙམ་མ་ཟད། དེ་དག་སྲུང་སྐྱོབ་བྱེད་པར་མི་གཞན་དག་ལའང་དོ་སྣང་སླེབས་འཇུག་དགོས་པ་ཁོང་གི་ལས་འགན་ཡིན་པ་དགོངས་གནང་ཡོད།
སྐབས་ཤིག་ཁོང་གིས་ངོས་ལ་ལྗོན་ཤིང་འདེབས་འཛུགས་དང་། དེ་དག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གོ་རྟོགས་སྤེལ་དགོས་པ་བརྗོད་བྱུང་། ངོས་ཀྱིས་དེ་ལྟར་དང་ལེན་ཞུས་པ་ཡིན། ངོས་རང་ལ་དྭགས་དང་། འབྲས་ལྗོངས། མོན་ཡུལ། དེ་བཞིན་ས་ཁུལ་གཞན་དག་ལ་སྐྱོད་སྐབས་ས་གནས་མང་ཚོགས་ལ་ཁོར་ཡུག་བདག་གཅེས་བྱེད་དགོས་པའི་སྐོར་རྗོད་ཀྱི་ཡོད།
དམ་པ་ཁོང་ང་ཚོ་དང་གཏན་དུ་ཁ་བྲལ་ཡོད་ཀྱང་། ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ང་ཚོས་དམ་པ་ཁོང་ལ་བརྩི་བཀུར་ཞུ་རྒྱུ་ཡག་ཤོས་ནི། དམ་པ་ཁོང་གིས་ལྗོན་ཤིང་འདེབས་འཛུགས་དང་བདག་གཅེས། དེ་བཞིན་ང་ཚོའི་འཛམ་གླིང་འདི་ཉིད་སྲུང་སྐྱོབ་ཀྱི་ལས་འགུལ་འགོ་བཙུགས་གནང་བ་དེར་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡིན། ཞེས་གསུང་འཕྲིན་སྩལ།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།