༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༩ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་རྩོམ་པ་པོ་གྲགས་ཅན་པི་ཁོ་ཨི་ཡེར་ (Pico Iyer) ལགས་དང་ལྷན་རེ་བ་སྐྲུན་པ་ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་མཛད་ཡོད།
མཛད་རིམ་དེ་ནི་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཁེ་ལི་ཧྥོར་ནི་ཡ་སཱན་ཌ་བྷར་བྷ་རའི་གཙུག་ལག་སློབ་གཉེར་ཁང་ (The University of California Santa Barbara) གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ ལོའི་སྒྱུ་སྩལ་དང་རྩོམ་རིག་མཁས་པའི་གསུང་བཤད་ཀྱི་ལས་འཆར་ཡ་གྱལ་རེ་བ་སྐྲུན་པ་ (CREATING HOPE) ཞེས་པའི་ཆ་ཤས་ཡིན།
ཁེ་ལི་ཧྥོར་ནི་ཡ་སཱན་ཌ་བྷར་བྷ་རའི་གཙུག་ལག་སློབ་གཉེར་ཁང་གི་སྒྱུ་རྩལ་དང་གཏམ་བཤད་ཚན་པའི་ངེས་སྟོན་པ་ལྕམ་སྐུ་སེ་ལེ་སི་ཊ་ (Celesta M. Billeci) ལགས་ཀྱིས་ཕེབས་བསུ་དང་ཐེངས་འདིའི་མཛད་རིམ་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་ཁེ་ལི་ཧྥོར་ནི་ཡ་སཱན་ཌ་བྷར་བྷ་རའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ཧན་རེ་ཡེང་ (Henry T. Yang) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ངོ་སྤྲོད་མདོར་བསྡུས་ཞུས།དེ་རྗེས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པི་ཁོ་ཨི་ཡེར་ལགས་ཀྱིས་གསུང་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་མཇལ་འཕྲད་བྱུང་བས་དགའ་པོ་བྱུང་ཞེས་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་ལ་ནང་པའི་ཕྱོགས་ནས་རེ་བ་ཞེས་པ་གོ་བ་ལེན་སྟངས་གང་འདྲ་ཡིན་མིན་སྐོར་བཀའ་འདྲི་ཞུ་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་སྐྱེས་པ་ནས་བཟུང་ང་ཚོའི་མི་ཚེ་རེ་བར་བཅོལ་ཡོད། རེ་བ་ཟེར་བ་དེ་ཡག་ས་ཞིག་ལ་རྒྱག་གི་ཡོད་པ་གོ་དགོས། ཐ་ན་ང་ཚོ་ཨ་མའི་མངལ་ནང་ཡོད་པའི་སྐབས་ཨ་མའི་སེམས་ནང་ཁོང་ཁྲོ་མེད་པ་དང་ཞི་བདེ་ལྡན་པ་ཞིག་ཡོད་ན། དེས་ཨ་མའི་མངལ་ནང་ཡོད་པའི་ཕྲུ་གུ་དེར་ཤུགས་རྐྱེན་བཟང་པོ་ཐེབས་ཀྱི་ཡོད། དེར་བརྟེན་སེམས་ཀྱི་ཞི་བདེ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རེ་བ་ཞེས་པ་མ་འོངས་པ་ལ་གཞི་བཞག་ནས་བཤད་པ་ཡིན་ན། མ་འོངས་པ་ནི་ངེས་གཏན་མེད་པ་ཞིག་རེད། འོན་ཀྱང་ང་ཚོས་མ་འོངས་ཆེད་དུ་རེ་བ་རྒྱག་གི་ཡོད། སེམས་ལ་རེ་དོགས་བཅངས་ནས་བསྡད་ན་ཧ་ཅང་གནོད་སྐྱེལ་གྱི་ཡོད་ལ། ང་ཚོར་ནུས་པ་ཡོད་པ་དེ་ཏག་ཏག་བེད་སྤྱོད་ཀྱང་བྱེད་ཐུབ་ཀྱི་མ་རེད། རེ་བ་བཟང་ས་ཞིག་ལ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།རྒྱལ་སྤྱིའི་སྟེང་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་ཡོད་ཀྱང་རེ་བ་བཟང་ས་ཞིག་ལ་བརྒྱབ་ནས་སྡོད་དགོས། འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཐམས་ཅད་ཨ་མའི་མངལ་ནས་བྱུང་བ་རེད། ང་ཚོ་ཚང་མ་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་འབྱུང་གི་ཡོད། ཨ་མས་བྱམས་སྐྱོང་གནང་བ་དེར་ང་ཚོས་རྗེས་སུ་ཡི་རང་ཞུ་དགོས། ཨ་མའི་བྱམས་སྐྱོང་མེད་ན་ང་ཚོ་འཚོ་མི་ཐུབ། ཐ་ན་དུད་འགྲོ་སེམས་ཅན་དང་བྱ་བྱིའུ་ཡིན་རུང་ཨ་མས་དུས་རྟག་ཏུ་རང་གི་ཕྲུ་གུར་བྱམས་སྐྱོང་གནང་གི་ཡོད། དེར་བརྟེན་དུད་འགྲོ་སེམས་ཅན་དང་བྱ་བྱིའུ་ཚུད་པའི་ང་ཚོ་ཚང་མ་འཚར་ལོངས་འབྱུང་བར་ཨ་མ་གཙོ་བོ་ཆགས་ཡོད། དཔེར་ན་ཕྲུ་གུ་ལོ་ཆུང་ཆུང་ཡིན་པའི་སྐབས་ཨ་མ་འདས་གྲོངས་སུ་གྱུར་བ་ཡིན་ན། ཕུགས་ལ་ཕྲུ་གུ་དེ་འཚར་ལོངས་འབྱུང་སྐབས་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད།
ཨ་མའི་བྱམས་བརྩེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཨ་མའི་བྱམས་བརྩེ་ཡིས་ང་ཚོར་རེ་བ་སྦྱིན་གནང་གི་ཡོད། དཀའ་ངལ་ཆུང་ཆུང་ཞིག་འཕྲད་པའི་སྐབས་རེ་ངན་བཅངས་ནས་བསྡད་ན་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད། རེ་བ་ཟེར་བ་དེ་སེམས་པ་བཟང་པོ་དང་བྱམས་བརྩེ་དང་འབྲེལ་བ་ཡོད། ངོས་ཀྱི་མི་ཚེའི་མྱོང་བ་ལ་ཆ་བཞག་ན་དཀའ་ངལ་རིམ་པ་མང་པོ་བརྒྱུད་ནས་སླེབས་པ་རེད། འོན་ཀྱང་ང་ཚོའི་རེ་བ་ནམ་ཡང་བརླགས་མེད། རེ་བ་ཟེར་བ་དེ་བདེན་པ་དང་དྲང་པོར་འབྲེལ་བ་ཡོད། གཞན་གྱི་ལྟ་སྟངས་ཅི་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་གཙོ་བོ་སོ་སོ་རང་ཉིད་ནས་བདེན་པ་དང་དྲང་པོ་དྲང་གཞག་གནང་དགོས། ལོ་ངོ་བཅུ་ཕྲག་འགའི་རིང་ངོས་ལ་དཀའ་ངལ་མང་པོ་འཕྲད་ཀྱང་ངོས་ཀྱིས་མུ་མཐུད་དྲང་པོ་དྲང་གཞག་དང་རེ་བ་བརྒྱབ་ནས་སྡོད་ཀྱི་ཡོད། དགེ་རྒན་ཡག་ཤོས་ནི་རང་གི་དགྲ་བོ་དེ་རེད། རང་གི་དགྲ་བོ་བརྒྱུད་ནས་བྱམས་བརྩེ་ཉམས་ལེན་ཐུབ་ཀྱི་ཡོད། ཅེས་བཀའ་ལན་སྩལ།གཞན་ཡང་སྐུ་ཞབས་པི་ཁོ་ཨི་ཡེར་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་གོ་ལའི་ཚ་དྲོད་ཀྱི་རྐྱེན་པས་མི་མང་པོས་དེར་གདོང་ལེན་དང་། དེ་བཞིན་སེམས་ཁྲལ་དང་དངངས་སྐྲག་བྱེད་བཞིན་པའི་སྐབས་རེ་བ་ཇི་ལྟར་རྒྱུན་འཛིན་དགོས་པའི་སྐོར་བཀའ་འདྲི་ཞུ་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོས་གོ་ལའི་ཚ་དྲོད་ནི་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ་ངོས་འཛིན་བྱེད་དགོས། དེར་བརྟེན་ང་ཚོས་ཕན་ཚུན་འཁྲུག་རྩོད་བྱེད་དགོས་པའི་རྒྱུ་མཚན་མེད། འཛམ་གླིང་གི་ཤར་ལྷོ་དང་ནུབ་བྱང་གི་མི་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་ཚང་མ་འཛམ་གླིང་འདིའི་སྒང་མཉམ་དུ་འཚོ་དགོས། ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ་ཅེས་རྩོད་པ་རྒྱག་རྒྱུ་མེད། ཅེས་བཀའ་ལན་སྩལ།
ཕྱོགས་མཚུངས་པི་ཁོ་ཨི་ཡེར་ལགས་ཀྱིས། འདི་ལོར་མི་མང་པོར་ཏོག་དབྱིབས་གཉན་རིམས་ཀྱི་ཤུགས་རྐྱེན་ཐེབས་པ་དང་། མི་མང་པོ་འདས་གྲོངས་སུ་གྱུར་པ། དེ་བཞིན་མི་མང་པོས་སོ་སོའི་གཉེན་ཉེ་དུ་གྲོངས་བཞིན་པ་མཐོང་གི་ཡོད། སོ་སོའི་གཉེན་ཉེ་དུ་སོགས་འདས་གྲོངས་སུ་འགྱུར་བཞིན་པའི་སྐབས་གདོང་ལེན་དང་། རེ་བ་ཇི་ལྟར་རྒྱུན་འཛིན་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུ་སྐབས། མགོན་པོ་གང་ཉིད་མཆོག་གིས། སྨན་པ་དང་། ཚན་རིག་པ། སྨན་ཞབས་པ་སོགས་ནས་ནད་ཡམས་སྔོན་འགོག་གི་མཚོན་པས་རོགས་རམ་གནང་བཞིན་པར་ངོས་ཀྱིས་དངོས་གནས་དྲང་གནས་རྗེས་སུ་ཡི་རང་ཞུ་གི་ཡོད། ནང་པའི་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་སྐོར་གསུང་གི་ཡོད། ནད་ཡམས་འབྱུང་བཞིན་པའི་སྐབས་སེམས་ཁྲལ་ཧ་ཅང་བྱས་པ་ཡིན་ན་དེས་ནད་ཡམས་ཛ་དྲག་ཏུ་འགྱུར་བར་རམ་འདེགས་བྱེད་ཀྱི་ཡོད། ནད་ཡམས་བྱུང་བ་དེ་ལས་ཡིན་བསམ་ནས་སེམས་ཞི་བདེ་དང་བག་ཕེབས་པའི་ངང་བསྡད་ན་རང་ཉིད་ལ་གདེང་ཚོད་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ་ཡོད་པ་བཅས།།