༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོ་སུ་ཁོ་བོད་སྐྱོབ་ཐེབས་རྩ་དང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྒོམ་ཉམས་ལེན་དང་རྣམ་ཤེས་སྐོར་ལ་བོད་པའི་དགོན་སྡེ་ཁག་ཏུ་ཞིབ་འཇུག་བྱེད་མཁན་རཱ་ཤཱི་ཡའི་ཚན་རིག་པ་ཁག་དང་ལྷན་ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་ (How to study meditation by scientific methods) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བགྲོ་གླེང་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བོད་སྐྱོབ་ཐེབས་རྩའི་སྐུ་ཚབ་ལྕམ་ (Natalia Inozemtseva) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་དང་འབྲེལ་དེ་རིང་འདིར་མཇལ་བའི་གོ་སྐབས་བྱུང་བ་སྐལ་པ་བཟང་པོ་ཡིན། ཕྱི་ལོ་ ༢༠༡༧ ལོར་ལྡི་ལི་ནས་རཱ་ཤཱི་ཡའི་ཚན་རིག་པ་དང་མཉམ་དུ་སེམས་ཀྱི་རང་བཞིན་སྐོར་ལ་ཚོགས་འདུ་ཞིག་ཚོགས་པ་རེད། ཕྱི་ལོ་ ༢༠༡༨ ལོར་རྡ་སར་རཱ་ཤཱི་ཡའི་ཚན་རིག་པ་དང་མཉམ་དུ་ཚོགས་འདུ་གཉིས་པ་ཚོགས་པ་རེད།ཚོགས་འདུ་འདི་བོད་སྐྱོབ་ཐེབས་རྩ་དང་རཱ་ཤཱི་ཡར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཐུན་མོང་ནས་གོ་སྒྲིག་ཞུས་པ་རེད། ཚོགས་འདུ་འདི་སྒོམ་གྱི་སྟེང་ནས་ཕན་པ་ག་རེ་ཡོད་མེད་དང་ཚན་རིག་དང་འབྲེལ་ཉམས་ཞིབ་ག་རེ་བྱེད་དགོས་མིན་སྐོར་ཡིན། དེ་རིང་གནད་དོན་དེ་དག་དང་འབྲེལ་ཚོགས་འདུའི་ནང་དུ་མཉམ་ཞུགས་པ་ཚོའི་ངོས་ནས་དྲི་བ་དང་༸རྒྱལ་བ་རིན་པོ་ཆེ་ལ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་མང་པོ་ཞིག་འདུག་ཅེས་གསུང་བཤད་གྲུབ་མཚམས་མཁས་དབང་ (Svyatoslav Me) ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག རཱ་ཤཱི་ཡའི་ཚན་རིག་པ་དང་ཟུང་སྦྲེལ་གྱིས་མོན་གྷོ་དང་སྦེལ་ཀོབ་གཉིས་སུ་ཚན་རིག་ཉམས་ཞིབ་ཀྱི་བསྟི་གནས་ཁང་གཉིས་བཙུགས་པ་དང་། རཱ་ཤཱི་ཡའི་ཚན་རིག་པ་ཙམ་མིན་པར་བསྟི་གནས་ཁང་དེ་དག་ལ་ལས་ཀ་བྱེད་པའི་ནང་པའི་དགེ་འདུན་པ་མང་པོ་ཡོད་པ་རྣམས་ཀྱིས་རཱ་ཤཱི་ཡའི་ཚན་རིག་པའི་ལམ་སྟོན་འོག་ཉམས་ཞིབ་བྱེད་མུས་རེད།དགེ་འདུན་པ་དེ་དག་གི་གྲོགས་ལ་བརྟེན་ནས་ནད་ཡམས་ཛ་དྲག་པོའི་སྐབས་སུའང་མུ་མཐུད་ཉམས་ཞིབ་བྱེད་པའི་གོ་སྐབས་བྱུང་ཡོད། དཔེར་ན། རྒྱུད་སྟོད་དུ་སྔགས་རིམ་པ་ཞིག་ཉིན་སོ་བདུན་རིང་ཐུགས་དམ་ལ་བཞུགས་པ་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་བྱུང་། ཚན་རིག་ཆེད་མཁས་པས་ཁོང་གི་སྐུ་གཟུགས་ལ་བརྟག་དཔྱད་བྱེད་དུས། གསོན་པའི་རིང་གི་སྐུ་གཟུགས་དང་ཁྱད་པར་ཆེན་པོ་འདུག ཐུགས་དམ་གྱི་སྐོར་ལ་ཚན་རིག་པའི་ཉམས་ཞིབ་མུ་མཐུད་པ་ནི་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག་ཚུགས་པ་ཞིག་རེད། ཅེས་བགྲོ་གླེང་དབུ་འཛུགས་ཀྱིས་བཀའ་འདྲི་ཞུ་དོན། ཐུགས་དམ་གྱི་སྐོར་ལ་ཉམས་ཞིབ་བྱས་ན་འགྲོ་བ་མི་སྤྱི་ལ་དགེ་མཚན་གང་ཡོད་དམ། ཞེས་ཞུས་པར་༸གོང་ས་མཆོག་གིས་མིའི་རྣམ་དཔྱོད་ཀྱིས་ཐོག་ནས། གནས་ཚུལ་གང་ལའང་ཞིབ་འཇུག་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ཐུགས་དམ་གྱི་སྐོར་དེ་དངོས་སུ་མཐོང་རྒྱུ་ཡོད་པ་རེད། དེ་ཇི་ལྟར་ཡོང་གི་ཡོད་མེད་ཀླད་པ་རྐྱང་པས་འགྲེལ་བཤད་རྒྱག་ཁག་པོ་རེད།སྤྱིར་སངས་རྒྱས་པའི་ཆོས་དང་། ལྷག་པར་སེམས་ཕྲ་རག་གི་དབྱེ་བ་ཕྱེས་ནས་གསུངས་པ། སྔགས་བླ་མེད་ཀྱི་ནང་དུ་ཤུགས་ཆེན་པོ་ཡོད། ཐུགས་དམ་བཞུགས་མཁན་དག་ཕྱི་དབུགས་ཕལ་ཆེར་ཆད་ཚར་བ་རེད། དེ་ལ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་ཅེས་པ། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་བཅས་འགྲེལ་བཤད་མང་པོ་ཡོད། ཞིབ་འཇུག་བྱེད་དགོས་པ་ཞིག་རེད། ནམ་རྒྱུན་ཐུགས་དམ་ལ་བཞུགས་ཞེས་སྐབས་རེར་སྣང་མཆེད་ཐོབ་གསུམ་སྐབས་ཨེ་ཡིན་སྙམ། སྣང་མཆེད་ཐོབ་གསུམ་མ་ཤར་གོང་གི་རླུང་སེམས་རགས་པ་འཐིམ་པའི་སྐབས་ཤིག་མིན་ནམ་སྙམ། དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་རེད། ཐུགས་དམ་ལ་བཞུགས་མཁན་ཁ་ཤས་ལ་ལུས་ཀྱི་དྲོད་ཡོད་པའི་བཟོ་འདུག དེ་ཡོད་ན་སྣང་མཆེད་ཐོབ་གསུམ་སྐྱེ་བའི་སྐབས་མ་རེད། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་ཤེས་ལ་ཐིམ། རྣམ་ཤེས་ནམ་མཁའ་ལ་ཐིམ་ཞེས་པའི་སྐབས་སུ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགགས་ནས་འོད་གསལ་མངོན་དུ་བྱེད་པ་བཤད་ཀྱི་ཡོད། ཐོག་མའི་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ་ཞེས་པའི་སྐབས་ཤིག་མིན་ནམ་སྙམ། ཞིབ་འཇུག་བྱེད་དགོས་པ་རེད།
རྣམ་ཤེས་ཕྲ་ནས་ཕྲ་རུ་འགྲོ་བ་ང་ཚོས་ཤེས་གསལ་རེད། ཐུགས་དམ་བཞུགས་མཁན་འགའ་ཤས་ང་ཚོས་མཐོང་གི་ཡོད། དེ་ཚོའི་གྲས་ལ་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་པ་ཡོད། འགྲོ་བ་མི་སྤྱི་ལ་དམིགས་བསམ་འབྲེལ་བ་ཞིག་ཨེ་ཡོད་སྙམ། སྣང་མཆེད་ཐོབ་གསུམ་ཞེས་པའི་གྲས་དེ་ཤི་བའི་སྐབས་རེད། སྤྱིར་བཏང་གི་མི་ལ་མཚོན་ན་ལས་ཀ་ཚང་མ་ཚར་བའི་སྐབས་རེད། ཞིབ་རྒྱས་ཤེས་དགོས་པ་ཨེ་ཡོད་སྙམ། སངས་རྒྱས་པའི་གཞུང་ནས་ཚེ་སྔ་ཕྱི་བཤད་ཀྱི་ཡོད། ཚེ་སྔ་ཕྱི་བཤད་ནས་འགྲོ་དུས་ཚེ་འདི་ནས་ཤི་སྟེ་ཚེ་ཕྱི་མར་འགྲོ་དགོས་པ་རེད། གཟུགས་མེད་ཁམས་ལ་བར་དོ་ཡོད་མ་རེད། འདོད་ཁམས་དང་གཟུགས་ཁམས་སུ་སྐྱེ་བ་ལ་བར་དོ་ཡོང་གི་ཡོད། ནང་པའི་གཞུང་ནས་གསུངས་པ་དེར་དམིགས་བསལ་དོ་སྣང་བྱེད་མཁན་ཚོས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། ཅེས་བཀའ་སློབ་སྩལ་བ་དང་།གཞན་ཡང་དབང་རྩའི་འཕེལ་རིམ་རིག་པའི་བསྟི་གནས་ཁང་གི་མཁས་དབང་ (Prof Alexander Kaplan) ལགས་ཀྱིས་ཚན་རིག་པས་ནང་པའི་སྒོམ་གྱི་སྐོར་ཙམ་མིན་པར་ལྟ་གྲུབ་སྐོར་ལ་ཤེས་འདོད་ཡོད་པ་རེད། ནང་པའི་ལྟ་གྲུབ་སྐོར་ནས་ཚན་རིག་པས་ཀླད་པའི་སྐོར་ལ་ཞིབ་འཇུག་བྱེད་པ་ལ་ཕན་ཐོགས་པའི་ལྟ་གྲུབ་གང་རེད་དམ། ཞེས་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལ་གཞིགས་ན། ཚན་རིག་དེ་ནུབ་ཕྱོགས་རྒྱལ་ཁབ་ནས་བྱུང་ཞིང་ཉམས་ཞིབ་བྱེད་ས་གཙོ་བོའང་མཐོང་ཆོས་ཀྱི་ཕྱི་དངོས་པོའི་ཆོས་རྐྱང་པ་རེད། རིམ་གྱིས་ཚན་རིག་པ་ཚོས་ཐུགས་སྣང་གནང་ས་གཙོ་བོ་ནི། རྒྱུན་ལྡན་གྱི་མི་ཚེའི་ནང་སེམས་ཀྱི་ཞི་བདེ་གལ་ཆེ་བ་ར་འཕྲོད་པ་མ་ཟད། ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེ་ཚད་ལྡན་ཞིག་བསྐྲུན་པར་དམིགས་བསལ་ཐུགས་སྣང་གནང་གི་ཡོད།
སེམས་ཞི་བདེ་བག་ཕེབས་ཚད་ལྡན་ཞིག་ཡོད་ན། སོ་སོའི་འཕྲོད་བསྟེན་ལ་ཕན་པ་རེད། སེམས་ཁྲལ་ལངས་པ་དང་ཁོང་ཁྲོ་ཆེན་པོ་ལངས་པ། སེམས་ཞུམ་པ་སོགས་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། སེམས་ཀྱི་ཞི་བདེ་སྐོར་བཤད་དུས་ཐར་པ་དང་ཐམས་ཅད་མཁྱེན་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པ། སྐྱེ་བ་ཕྱི་མའི་སྐོར་བཤད་ཀྱི་ཡོད་པ་མ་རེད། ཚེ་འདི་ཉིད་ཀྱི་བདེ་སྐྱིད་སྒྲུབ་ཐབས་དང་འཕྲོད་བསྟེན་དང་འབྲེལ་བའི་ཉམས་ཞིབ་བྱེད་པ་སྐབས་སུ་བབ་པ་རེད། སྐམ་ས་ལ་བརྟེན་པའི་སྲོག་ཆགས་སྟོང་ཕྲག་མང་པོའི་ཚེ་ཡི་སྐོར་ལ་ཞིབ་འཇུག་བྱེད་འོས་པ་རེད། མིའི་བདེ་སྡུག་སྐོར་ལ་ཚན་རིག་པས་ཐུགས་སྣང་གནང་ཡོད་པས། མིའི་སེམས་ཀྱི་ཞི་བདེ་དཀྲུག་པའི་རྒྱུ་རྐྱེན་གཙོ་བོ་ཁོང་ཁྲོ་སོགས་ཉོན་མོངས་པའི་བློའི་རིགས་རེད། དེ་དག་བཏང་སྙོམས་སུ་བྱེད་པའི་ཐབས་ལམ་ཞིག་བསྟན་ན། སྨན་ཟ་བ་ནི་གློ་བུར་བའི་འཕྲལ་སེལ་གྱི་ཐབས་ལམ་ལས་སེམས་ཀྱི་ཞི་བདེ་ལ་ཕན་པ་ཞིག་མ་རེད།
བྱམས་སྙིང་རྗེའི་ཉམས་ལེན་ཡག་པོ་ཞིག་ཡོད་ན་སེམས་ཁྲལ་མང་པོ་དང་སེམས་ཞུམ་པ་ཡོང་གི་མེད། ཚན་རིག་པ་ཚོས་ཉམས་ཞིབ་གནང་བ་ནི་ཚེ་ཕྱི་མའི་སྐོར་མིན་པར་ཚེ་འདི་ཉིད་ལ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སུ་ནང་པའི་གཞུང་ནས་ག་རེ་འདུག་དེ་སྦྱོང་བཞིན་ཡོད། འཛམ་གླིང་འདིར་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཡིན་ནའང་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཆགས་ཡོད།
སེམས་ཀྱི་ཚོར་བ་ཕྲ་རགས་སྐོར་ལ་ (emotion) ཞེས་པའི་ཐ་སྙད་ཅིག་བེད་སྤྱོད་བྱེད་བཞིན་ཡོད། ཚན་རིག་པར་སེམས་ཁམས་རིག་པའི་བློའི་སྐོར་གྱི་ཐ་སྙད་ཕྱུག་པོ་ཡོད་མ་རེད། བོད་ཀྱི་མཁས་པ་སྔ་མ་ཚོས་བློ་རིག་སྐོར་མང་པོ་མཛད་ཡོད། ཡུལ་ངེས་ལྔ། ཀུན་འགྲོ་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་སོགས་རྣམ་གཞག་མང་པོ་ཡོད། སེམས་ཞི་བདེ་བག་ཕེབས་ཡོང་བ་ལ་ང་རང་ཚོའི་ངོས་ནས་བློ་སྤྱིའི་འགྲོ་སྟངས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། དེ་ཤེས་པའི་ཐོག་ནས་ཉོན་མོངས་ཅན་གྱི་བློ་ཁོང་ཁྲོ་དང་ཞེ་སྡང་། སེམས་ནད་སྐྱེ་བའི་སྐབས་སུ་ཐད་ཀར་གཉེན་པོ་བསྟེན་ནས་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ། རྒྱལ་སྲས་ཞི་བ་ལྷས། སོ་སོ་ལ་གནོད་པ་བྱེད་པའི་དགྲ་དེ་བཟོད་པའི་ཉམས་ལེན་བྱེད་མཁན་གྲས་ལ་གཉེན་གྱི་མཆོག་ཏུ་གྱུར་པ་རེད་ཅེས་གསུངས་པ་ལྟར། བསམ་བློ་གཏོང་སྟངས་ལས་སེམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་རེད། མི་ཚེའི་ནང་ཆེད་དུ་གཉེར་ནས་སོ་སོར་དཀའ་ངལ་བཟོ་མཁན་མང་པོ་བྱུང་དུས། སྙིང་རྗེ་དང་འབྲེལ་བཟོད་པའི་ཉམས་ལེན་བསྟེན་ཐུབ་ན་ཧ་ཅང་སེམས་ཀྱི་ཞི་བདེ་ལ་ཕན་པ་དང་དགེ་མཚན་ཆེན་པོ་ཡོད།
མདོར་ན། སེམས་ལ་བདེ་སྡུག་གང་ཡོང་བ་སོ་སོ་ལ་རག་ལུས་པ་རེད། ཕྱིའི་གནས་ཚུལ་ག་རེ་བྱུང་ནའང་སེམས་ཀྱི་ཞི་བདེ་ཉར་ཚགས་ཐུབ་མིན་སོ་སོའི་འབད་བརྩོན་ལ་རག་ལུས་པ་རེད། བློའི་བྱེད་ལས་དང་བློའི་རྣམ་གཞག སེམས་ཕྲ་རགས། སེམས་བྱུང་གི་བྱེད་ལས་སྐོར་སློབ་སྦྱོང་ཡག་པོ་ཡོད་ན་ཕན་ཐོགས་ཆེན་པོ་རེད། ཅེས་བཀའ་ལན་སྩལ།
གཞན་ཡང་མཁས་དབང་ (Konstantin Anokhin) ལགས་ཀྱིས་ཕྲུ་གུ་སྐྱེ་བ་ཚང་མ་སྐྱེ་བ་སྔ་མའི་རྒྱུན་ཞིག་ཡོང་བ་རེད་དམ། ཕྲུ་གུ་དེས་སྐྱེ་བ་སྔོན་མའི་དངོས་པོ་དང་ས་ཆ་སོགས་དྲན་པའི་ཐོག་ནས་སྐྱེ་བ་སྔ་མ་བསྒྲུབ་པ་རེད་དམ། དེ་ལས་གཞན་གྱི་སྒྲུབ་བྱེད་ཅི་ཞིག་ཡོད་པ་རེད། ཅེས་བཀའ་འདྲིི་ཞུས་པར་མགོན་པོ་གང་ཉིད་ཀྱི་བཀའ་ལན་སྩལ་དོན། སྐྱེ་བ་སྔ་ཕྱིར་ཡིད་ཆེས་དང་ལྟ་གྲུབ་མེད་པའི་མིའི་སྤྱི་ཚོགས་ནང་ཕྲུ་གུ་ཞིག་གིས་སྐྱེ་བ་སྔ་ཕྱི་དྲན་ཡང་དེར་དོ་སྣང་ཡོད་པ་མ་རེད། རྒྱ་གར་དང་བོད་ཀྱིས་གཙོས་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་སྤྱི་ཚོགས་ནང་ཕྲུ་གུ་དེ་ལོ་གསུམ་དང་བཞི་ཙམ་ལོན་པའི་སྐབས་སུ་སྐྱེ་བ་སྔ་ཕྱིའི་གནས་ཚུལ་དྲན་པ་དེ་འདྲ་མང་པོ་ཡོང་གི་ཡོད། དཔེར་ན། ལྷ་སར་སྐྱེས་པའི་ཕྲུ་གུ་ཞིག་གིས་ང་བསྡད་ས་འདི་མ་རེད། ང་རྒྱ་གར་ལ་འགྲོ་དགོས་ཞེས་བཤད་དེ། ཕ་མས་རྒྱ་གར་ལ་བསྐྱལ་ནས་ཡོང་བ་རེད། རྡ་སར་བསྐྱལ་ནས་ཡོང་དུས་ངའི་བསྡད་ས་འདི་མ་རེད་ཅེས་རྒྱ་གར་ལྷོ་ཕྱོགས་ཤར་རྩེའི་ཁམས་ཚན་བྱེ་བྲག་པ་ཞིག་ལ་ཕྱིན་ནས། ང་བསྡད་ས་འདི་རེད་ཅེས་སྐུ་སྔོན་མའི་སྒྲོག་ཙེ་དང་སྤྱན་ཤེལ་ངོས་འཛིན་བྱས་པ་རེད།
ངོས་ཀྱི་ལོ་རྒྱུས་ཤིག་བཤད་ན། སྐུ་སྔོན་མའི་སྤྲུལ་སྐུ་འཚོལ་མཁན་ཚོ་སྐུ་འབུམ་ལ་ཕེབས་དུས་ཁ་ཤས་ངོས་རང་ཆུང་བའི་སྐབས་སུ་ངོ་ཤེས་པ་རེད། ཁོ་ཚོའི་མིང་སོགས་ངོས་འཛིན་ཐུབ་པའི་ལོ་རྒྱུས་ཡོད། དེ་ནི་མཐོང་ཆོས་དང་དངོས་ཡོད་ལ་ར་སྤྲོད་རྒྱུ་ཡོད་པའི་གནས་ཚུལ་རེད། ཡང་སྲིད་འཚོལ་ཞིབ་ཀྱི་ཐབས་ལམ་མང་པོ་ཡོད་པ་ལས། སྐྱེ་བ་སྔ་མའི་དངོས་ཆོས་དག་འཁྲུལ་མེད་དུ་ངོས་འཛིན་བྱེད་ཐུབ་པ་དེ་ཡང་སྲིད་ངོས་འཛིན་གྱི་ཐབས་ལམ་ཞིག་རེད། སྐྱེ་བ་སྔ་མ་དྲན་པའི་ཕྲུ་གུ་མིག་མཐོང་ལག་ཟིན་ལ་མཐོང་རྒྱུ་ཡོད། ལོ་ཁ་ཤས་ལ་སྐྱེ་བ་སྔ་མའི་དྲན་པ་བརྟན་པོར་གནས་ཐུབ་ཀྱི་རེད། ཀླད་པ་འཚར་ལོངས་དང་ཕྱིའི་འཇིག་རྟེན་གྱི་མཐོང་རྒྱ་ཆེ་བར་སོང་བ་དང་བསྟུན་སྐྱེ་བ་སྔ་མའི་དྲན་པ་སྲབ་ཏུ་འགྲོ་གི་ཡོད།
ཁ་གསལ་པོས་ར་སྤྲོད་ཐུབ་པ་ཞིག་ནི། སྐྱེ་བ་སྔ་མར་སློབ་སྦྱོང་གི་བག་ཆགས་ཡོད་པའི་ཕྲུ་གུ་ཞིག་ཡིན་ན། སློབ་སྦྱོང་ལ་དཀའ་ངལ་མེད་པར་ལས་སླ་པོས་ཤེས་ཐུབ་ཀྱི་རེད། ངོས་ལ་ཆ་བཞག་ནའང་། དཔེ་ཆ་བློ་འཛིན་བྱེད་པའི་སྐབས་སུ་དཀའ་ངལ་མེད་པར་རྩེད་མོ་རྩེད་ཞོར་དུ་ངག་ཐོག་ཟིན་པ་རེད། དེ་ནི་སྐྱེ་བ་སྔ་མར་རྒྱུས་ཡོད་པའི་རྟགས་མཚན་གསལ་པོ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།