༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་གསུང་ཆོས་དང་དྲི་བར་བཀའ་ལན། དེ་བཞིན་སེམས་བསྐྱེད་བཅས་ཀྱི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཆོས་ཞུ་བ་ཡོངས་ནས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འཐུས་ཚབ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། ད་རེས་ཐེ་ཝན་གྱི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། ཁྱོད་ཚོ་དོན་གཉེར་ཆེན་པོ་རེད། ཉན་མཁན་གྱི་གདུལ་བྱ་དོན་གཉེར་ཅན་ཡོང་དུས། ཆོས་བཤད་པ་ནི་ཤཱཀྱའི་དགེ་སློང་ཞིག་ཡིན་པའི་ངོས་ནས་འགན་ཡོད་པ་དང་འོས་བབ་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཤེས་རབ་སྙིང་པོའི་ཆོས་འབྲེལ་བྱེད་པར་ངོས་རང་ཧ་ཅང་དགའ་པོ་བྱུང་།སངས་རྒྱས་པའི་ཆོས་འདི་འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པའི་ནང་གི་གཅིག་རེད། ཁྱད་པར་དུ་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དགེ་སློང་དང་མཁས་པ། དེ་བཞིན་ཆོས་ལ་དོ་སྣང་ཡོད་པ་ཚོས་གསེར་ལ་བཅད། གཏུབ། བསྲེག་ཅེས་བསྲེག་བཅད་བརྡར་གསུམ་བྱས་པ་བཞིན་ཆོས་ལ་བརྟག་དཔྱད་བྱེད་དགོས་པ་རེད། བཅོམ་ལྡན་འདས་རང་གི་གསུང་ལའང་བརྟག་དཔྱད་བྱས་ཏེ། རྒྱུ་མཚན་ལྡན་པར་མཐོང་ནས་ཡིད་ཆེས་ཡོད་ན་ངའི་ཆོས་ལ་ཉམས་ལེན་བྱོས་ཞེས་གསུངས་པ་དེ་ཧ་ལས་པ་རེད།
འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་བཞིན་ཡོད། མིའི་རིགས་ལ་ཕན་ཐོགས་ཀྱི་ཡོད་པས་ཧ་ཅང་ཡག་པོ་རེད། འོན་ཀྱང་སོ་སོའི་ཆོས་ལུགས་ལ་བརྟག་དཔྱད་བྱོས་ཞེས་གསུང་མཁན་ཕལ་ཆེར་བཅོམ་ལྡན་འདས་ལས་མེད། ཆོས་ལུགས་དེ་དང་དེས་ངས་གསུངས་པ་ལ་ཡིད་ཆེས་བྱོས་ཞེས་གསུངས་པ་མ་གཏོགས། བརྟག་དཔྱད་བྱོས་གསུང་མཁན་ཕལ་ཆེར་མེད། བཅོམ་ལྡན་འདས་ཀྱིས་བརྟག་དཔྱད་ཀྱིས་ངའི་བཀའ་ལ་རྒྱུ་མཚན་ལྡན་པ་དང་རིགས་པས་ཅི་ཙམ་དཔྱད་ནའང་ངེས་པ་ཐོབ་པ་ཞིག་ཡོད་ན་ཉམས་ལེན་བྱོས་གསུངས་པ་རེད། བཅོམ་ལྡན་འདས་ཀྱིས་རྒྱ་གར་ལ་ཐོག་མར་བདེན་བཞི་ཆོས་འཁོར་གསུངས་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་སོགས་ཀྱི་བདེན་བཞིའི་ངོ་བོ་ལ་བཟླ་བ་དང་། བྱ་བ་ལ་བཟླ་བ། བདེན་པ་བཞི་དེ་འདྲ་ཡིན་ན་བླང་དོར་ཅི་ཞིག་བྱེད་རྒྱུ་ཡོད་ཅེ་ན། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ་ཞེས་སྡུག་བསྔལ་ཤེས་པར་བྱས་ན། སྡུག་བསྔལ་མི་འདོད་པ་ལ་རྒྱུ་མཚན་དགོས་པ་མ་རེད། འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་བཙལ་རྒྱུ་གལ་ཆེན་པོ་རེད། དཔེར་ན། ལུས་པོར་ནད་ན་ཚ་རེ་བྱུང་ནའང་དེའི་རྒྱུ་དང་རྐྱེན་ག་རེ་ཡིན་སྨན་པས་བརྟག་དཔྱད་བྱས་ནས་དེའི་རྒྱུ་སྔོན་འགོག་བྱེད་པ་ལྟར་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྒྱུ་དང་རྩ་བ་ཀུན་འབྱུང་དང་། དེ་ལ་ལས་ཉོན་གཉིས་ཡོད་པས་ལས་ཀྱི་བྱ་སྤྱོད་ཀྱི་ཐོག་ནས་ལས་གསོག་པ་དང་། ལས་གསོག་པ་ནི་ཀུན་སློང་ལ་ཐུག་གི་ཡོད། སྐྱོན་ཅན་གྱི་བྱ་བ་དེ་དག་ཆགས་སྡང་གི་བློས་བྱེད་ཀྱི་ཡོད་པས་ཀུན་འབྱུང་གསུངས་པ་རེད། དེར་བརྟེན་སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤངས་དགོས་པ་རེད་ཅེས་གསུངས་པ་རེད།བདེན་བཞི་ངོ་བོ་ལ་བཟླ་བ། བྱ་བ་ལ་བཟླ་བ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླ་བ་ཞེས་པའི་ནང་པའི་ལྟ་གྲུབ་ཐུན་མོང་མ་ཡིན་པ་སླེབ་ཀྱི་ཡོད། སྡུག་བསྔལ་ཤེས་པར་བྱ། ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ། སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེད། ཅེས་པས་སྡུག་བསྔལ་ཤེས་དགོས་ནའང་བརྟག་དཔྱད་བྱས་ནས་སོང་ན་ཡུལ་དུས་ནས་གྲུབ་པ་ཞིག་མེད་པར་གསུངས་པ་རེད། བཅོམ་ལྡན་འདས་ཀྱིས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ན་འགྲོ་བ་འཁྱམ་འགྱུར་བ། །དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་ཏེ་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་། ཉོན་མོངས་པའི་ཀུན་འབྱུང་གི་རྩ་བ་ཆགས་སྡང་གི་བློ་ལས་ཡོང་གི་ཡོད་པས་སྟོང་ཉིད་ཀྱི་སྐོར་གསུངས་ཀྱི་ཡོད།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་དང་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རིགས་པའི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་རེད། ཁོང་གི་སློབ་མ་མང་པོ་ཡོད་ནའང་དཔལ་ལྡན་ཟླ་བ་གྲགས་པ་ནི། རིགས་པ་བརྒྱ་དག་གིས་འཛུད་པར་མཛད་ཅེས་པ་ལྟར་ཀླུ་སྒྲུབ་ཀྱི་དགོངས་པ་རིགས་ལམ་ཕྲ་མོའི་སྟེང་ནས་གཏན་ལ་ཕབ་མཁན་གཙོ་བོ་རེད། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ལས། ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་འཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། །ཅེས་གསུངས་པ་ལྟར། རྩ་བ་ཤེས་རབ་ཀྱི་འགྲེལ་བ་མང་པོ་ཡོད་ནའང་། ཚིག་འགྲེལ་ཚིག་གསལ། དོན་འགྲེལ་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་ཧ་ཅང་རྩ་ཆེན་པོ་རེད།ངོས་ལ་མཚོན་ནའང་དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་ཆུང་དུས་ནས་བློར་བཟུང་བ་རེད། བྱམས་ཆོས་སྡེ་ལྔ་ལས་མངོན་རྟོགས་རྒྱན་གྱིས་ཡུམ་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ། ས་ལམ་བགྲོད་པའི་རིམ་པ་གཙོ་བོ་གསུང་བཞིན་ཡོད། ཤེར་ཕྱིན་གྱི་གཞུང་ལས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་བཀྲལ་བ་ལ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག དེ་ལས་ཀྱང་རྩ་བ་ཤེས་རབ་ཧ་ལས་པ་ཞིག་རེད། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་པའི་ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་དང་གསལ་བོ་རེད།
དེའི་དགོངས་པ་ཨརྱ་དེ་བས་དབུ་མ་བཞི་བརྒྱ་པ་ལས་བཀྲལ་དུས། ལུས་ལ་ལས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་བཞིན་ཉོན་མོངས་ཐམས་ཅས་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །མཐོང་ན་གཏི་མུག་མཐོང་མི་འགྱུར། །དེའི་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཐོག་མར་བསྙད་པར་བྱ། །ཞེས་གསུངས་པ་དེ་ཧ་ཅང་འདུས་ཆེན་པོ་རེད། སྟོད་ཉིད་གལ་ཆེ་བ་ནི་ཉོན་མོངས་ཀྱི་རྩ་བ་ཆགས་སྡང་། ཆགས་སྡང་གི་རྩ་བ་ཨ་འཐས་ཀྱིས་འཛིན་པ་བདེན་འཛིན་ལ་ཐུག་པ་རེད། རྟེན་འབྱུང་གིས་སྟོང་པའི་གོ་བ་ཡག་པོ་ཆགས་ན། སྟོང་པ་ཉིད་ཀྱི་དོན་མཐའ་གཉིས་སེལ་བ་སྟོང་པ་ཉིད་ཀྱི་དོན་ཤེས་ཐུབ་ཀྱི་རེད། མདོར་ན་ཉོན་མོངས་བཅོམ་པ་ལ་སྟོང་ཉིད་ཀྱི་ལྟ་བར་སློབ་གཉེར་བྱས་ཏེ། ཡང་ཡང་བསམ། བསམ་པའི་ཐོག་ནས་ངེས་པ་ཐོབ་པ་ཞིག་བྱེད་པ་དང་། ངེས་པ་ཐོབ་པའི་དོན་དེ་རྩེ་གཅིག་ཏུ་ཡང་ཡང་བསྒོམས་ནས་སྒོམ་བྱུང་གི་ཉམས་མྱོང་སྐྱེ་བ་གསུང་བཞིན་ཡོད། ཆོས་ཞེས་པ་དེ་སེམས་ལ་འགྱུར་བ་གཏོང་བ་ཡིན་དུས། དད་པ་གཅིག་པུས་འགྱུར་བ་ཐེབས་ཐུབ་ཀྱི་མི་འདུག ཚེ་རབས་མང་པོར་ཉོན་མོངས་ལ་གོམས་ཡོད་པས་ལས་སླ་པོས་ཉོན་མོངས་སྐྱོན་ཡིན་པ་དང་། བདེན་འཛིན་གྱི་སྐྱོན་རེད་ཅེས་ཚིག་ཙམ་གྱིས་སེམས་ལ་ངེས་པ་ཐོབ་རྒྱུ་ཁག་པོ་རེད། ཡང་ཡང་བསམ་བློ་བཏང་ནས་འགྲོ་དགོས་པ་ཞིག་རེད།
མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་བཟུང་ནས་ཆུང་དུས་སུ་ཉིན་ལྟར་སྐྱོར་བཞིན་ཡོད་ནའང་སེམས་ལ་ཚོར་བ་ཡོང་མི་ཐུབ་མོད། རིམ་གྱིས་སྟོང་པ་ཉིད་ཀྱི་གོ་བ་ལ་བསམ་བློ་བཏང་། ཕར་ཕྱིན་གྱི་བསླབ་བྱ་གཙོ་བོ་དེ་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ལ་ཡུན་རིང་པོ་དང་། ལོ་མང་པོར་བསམ་བློ་བཏང་ན་སེམས་ལ་བཟོ་ལྟ་ཞིག་སླེབས་ཡོང་གི་འདུག མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་་པའི་བྱང་ཆུབ་འདོད། ། ཅེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ན་སེམས་ལ་དགའ་སྣང་དང་སྐྱོ་སྣང་ཚང་མ་ཡོང་བ་ཞིག་རེད། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག ། ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང་། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར། །ཞེས་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་ཕབ་ཏེ་གསུངས་པ་དེས་སེམས་ལ་སྒུལ་སྐྱོད་ཐེབས་ཀྱི་འདུག
རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པའི་ཚིག་འདོན་དུས་སེམས་ལ་དགའ་སྐྱོ་ཟུང་སྦྲེལ་དང་། བཀའ་གདམས་བླ་མ་གོང་མ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ནས། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱས་ན། ཚོགས་ཀྱང་ཁོ་རང་གིས་བསགས། སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་ཞེས་གསུངས་པ་ལྟར་ཧ་ཅང་རྩ་ཆེན་པོ་རེད། གང་ལྟར་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་ཉིན་ལྟར་ཀློག་གི་ཡོད། དབུ་མ་འཇུག་པ་ལས། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར། །ཞེས་དང་། དབུ་མ་འཇུག་པའི་རང་འགྲེལ་ལས། སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱིས་དེ་ཁོ་ན་ཉིད་ཀྱི་གནད་དོན་ཟབ་ཅིང་ཕྲ་བ་སྤངས་སོང་ཟེར་ན། དེ་སྐད་དུ་སྨྲའོ་ཞེས་གསུངས་པ་ལྟར་རེད།
དཔལ་ལྡན་ཟླ་བ་གྲགས་པ་ཧ་ཅང་ཞལ་གསལ་པོ་རེད། སྐྱོན་བརྗོད་ཧ་ཅང་གསལ་པོ་གནང་འདུག ཟབ་མོ་སྟོང་པ་ཉིད་ཅེས་པར་རིགས་པས་དཔྱད་ན་བློ་ལ་སྣང་བ་ལྟར་དོན་གྱི་ངོས་ནས་གྲུབ་ན། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། ཆོས་རྣམས་རང་སྟོང་དུ་གསུངས་པ་མི་འཐད་པར་ཐལ་བ། ཞེས་གསུངས་པའི་ཐལ་བ་བཞི་དེ་ཧ་ཅང་ཡག་པོ་འདུག ངོས་ཀྱིས་ཉིན་ལྟར་ཞོགས་པར་སྟོང་ཉིད་ལ་བསམ་བློ་གཏོང་དུས་ཚིག་དེ་དག་འཆར་ཅན་སྐྱོར་བཞིན་ཡོད། སྣང་བ་བཞིན་དོན་སྟེང་ནས་ཡོད་ན་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་རེད། འཕགས་པའི་མཉམ་བཞག་གིས་ཇི་ལྟར་སྣང་བ་བཞིན་གཏན་ནས་མེད་པ་ཞིག་གཟིགས་ནས། སྤྲོས་པ་མཐའ་དག་དང་བྲལ་བའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་དུས། དངོས་པོ་རང་མཚན་ཞིག་ཡོད་ན་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་ཀྱིས་མཇུག་གྲུབ་མཚམས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་བ་དང་། མཐར་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད་པ་བཅས། །