༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༧ ཉིན་ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ་དང་སུད་སིའི་ས་གནས་བུད་མེད་ཚོགས་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཚིགས་ཐོག་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བ་མ་ཟད། གྲོང་ཁྱེར་ཛུ་རིག་དང་སུད་སི་རྒྱལ་ས་བྷན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཞུ་ཡིག་ཅིག་ཕུལ་བའི་ནང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི་བཅས་པ་མྱུར་དུ་གློད་བཀྲོལ་བཏང་དགོས་པ་དང་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ལ་འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི་བཅས་ཀྱི་གནས་སྟངས་རྟོག་ཞིབ་བྱེད་བཅུག་དགོས། ཞེས་འཁོད་ཡོད།དེ་ཡང་ཛུ་རིག་ (Werdmühleplatz) ཞེས་པ་ས་ཚིགས་ནས་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་གནང་ཡོད།
སྐབས་དེར་སུད་སིའི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ (Balthasar Glättli) ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི་བཅས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བཞིན་ཡོད། རྒྱ་ནག་གཞུང་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་བཅས་པ་འཕྲལ་མར་གློད་བཀྲོལ་བཏང་དགོས། བཙན་ཁྲིད་བྱས་པ་ནི་སྡུག་སྦྱོང་མནར་གཅོད་བྱེད་པ་ལྟ་བུ་ཡིན་པ་མ་ཟད་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལ་ངོས་འཛིན་བྱེད་ཀྱི་ཡོད། ངས་མུ་མཐུད་བོད་དོན་དང་བོད་མིར་རྒྱབ་སྐྱོར་ལྔར་ལྷག་ཤུགས་ཆེ་ཡོད་སྐོར་གསུངས།དེ་ནས་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་སུད་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ཧྥེ་བྷི་ཡེན་མོ་ལི་ནཱ་ (Fabian Molina) མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་ད་དུང་ཡང་བོད་ནང་གཞི་རྒྱ་ཆེ་བའི་འགྲོ་བ་མིིའི་ཐོབ་ཐང་རྩིས་མེད་རྡོལ་རོལ་བཏང་དང་གཏོང་མུས་ཡིན་པའི་དུས་སྐབས་སུ་སུད་སུའི་རྒྱལ་ཁབ་ཀྱིས་གཙོས་ཡུ་རོབ་རྒྱལ་ཁབ་གཞན་རྣམས་ནས་ཀྱང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ངན་པར་སྐྱོན་བརྗོད་དང་སྦྲགས་མཚམས་འཇོག་དགོས་ཞེས་གསུང་དགོས་པའི་དུས་ལ་སླེབས་ཡོད། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་གི་འགྲོ་བ་མི་ཡོངས་ཀྱི་ཆེད་དུ་རེད། ཅེས་གསུངས།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་གཞུང་འབྲེལ་ལས་དོན་རྐྱེན་པས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་ཐུབ་མེད་ཀྱང་ཁོང་གིས་ཚོགས་པ་བཞི་མཉམ་རུབ་ཐོག་གོ་སྒྲིག་གནང་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་བསྒྲགས་གཏམ་ཞིག་གནང་ཡོད།སྐབས་དེར་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་སིའི་ས་གནས་བུད་མེད་ཚོགས་པའི་ཚོགས་གཞོན་པ་སངས་སྒྲོལ་མ་ལགས། ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཀུན་དགའ་ལགས་བཅས་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་བཅས། །